
པར་འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དཔལ་སྡེངས་རོང་གི་ཟུར་ཞིག་རེད།

པར་འདི་ནི་བོད་ལྗོངས་ཡར་ཉང་རྒྱལ་ཁབ་བརླན་སའི་སྤྱི་གླིང་རེད།

པར་འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་ཁོངས་ཀྱི་འཁྱགས་རོམ་རེད།

པར་འདི་ནི་མངའ་རིས་ས་ཁུལ་གྱི་མ་ཕམ་གཡུ་མཚོའི་ཟུར་ཞིག་རེད།

པར་འདི་ནི་འོད་ཤུགས་པང་ལེབ་འོག་སེམས་བག་ཡངས་པོས་རྩྭ་ཟ་བཞིན་པའི་ནོར་གནག་རེད།

པར་འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་ར་འོག་མཚེའུ་རེད།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔོ་ཐིང་ཐིང་གི་ནགས་ཚལ་དང་གཙང་ཞིང་གསལ་བའི་མཁའ་དབུགས། དྭངས་ཞིང་གཙང་བའི་ཆུ་ཁུངས་སོགས་སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཡིན། ད་ལོའི་ཟླ8པའི་ཚེས15ཉིན་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་ཐེངས་གསུམ་པ་ཡིན་ལ། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བཏོན་ནས་ལོ་འཁོར20ལོན་པའི་ཉིན་མོའང་ཡིན། ལོ་ངོ20རིང་དང་ལྷག་པར་དུ་དུས་རབས་གསར་བ་ནས་བཟུང“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཀྱིས་རང་རྒྱལ་གྱི་འཕེལ་རྒྱས་ལག་ལེན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ས་གནས་ཁག་གི་སྐྱེ་ཁམས་ཁོར་ཡུག་ལོ་རེ་བཞིན་ཇེ་ལེགས་སུ་ཕྱིན་ཡོད། སྐྱེ་ཁམས་མཛེས་པ་ལས་འཕེལ་རྒྱས་ཀྱི་འཕོ་འགྱུར་མངོན་པ་དང་ལྗང་མདོག་སྐྱེ་ཁམས་ཐོན་ཁུངས་ལས་དཔལ་འབྱོར་གྱི་ཁེ་སྤོགས་མུ་མཐུད་བཏོན་ཡོད།
ཀྲུང་གོ་ཧྭ་ཏེན་གྱི་ནོར་བུ་ས་འོད་ཤུགས་རྣམ་གྲངས་ཁུལ་དུ་གྲལ་འགྲིག་པའི་འོད་ཤུགས་པང་ལེབ་དང་དྲི་མེད་དྭངས་གཙང་གི་གངས་རི་གཉིས་ཀྱིས་ཁྱད་དུ་འཕགས་པའི་མཛེས་ལྗོངས་ཞིག་གྲུབ་ཡོད། འོད་ཤུགས་པང་ལེབ་འོག་ཏུ་ན་སྤང་སླར་སོས་བྱུང་བ་དང་ནོར་གནག་གིས་སེམས་བག་ཡངས་པོས་ཟས་འཚོལ་བཞིན་ཡོད་པས། “ཕྱུགས་འཚོ་བ་དང་འོད་ཤུགས་གློག་སྡུད་ཕན་ཚུན་གསབ་རེས”ཀྱི་རྣམ་པ་ཁྱད་དུ་འཕགས་པ་ཆགས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གཙང་མ་ཐོན་སྐྱེད་གཉིས་རྒྱལ་གྱི་རྣམ་པ་མངོན་འགྱུར་བྱུང་ཡོད།
འདི་ནི་བོད་ལྗོངས་ཀྱིས་ནུས་ཁུངས་གཙང་མ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་བསྡུས་རིས་ཞིག་ཡིན།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་གསར་གཏོད་ཀྱི་བསམ་བློ་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་པ་དང་། ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ནུས་ཁུངས་གཙང་མའི་སྒྲིག་ཆས་བཟོ་བའི་ཐོན་ལས་ཕྲེང་འབྲེལ་གྱི་བཀོད་པའི་དཔེ་སྟོན་ཁུལ་ཧུར་ཐག་བཏོད་དེ། ཆུ་གློག་དང་འོད་ཤུགས། ལིས་གློག་ནུས་གསོག་སོགས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔའི་བར་ནུས་ཁུངས་གཙང་མའི་སྐྲུན་ཟིན་པ་དང་སྐྲུན་བཞིན་པའི་འཕྲུལ་སྒྲིག་ཤོང་ཚད་སྟོང་ཝ་ཁྲི27065ལ་སླེབས་པ་དང་། ནུས་ཁུངས་གཙང་མའི་འཕྲུལ་སྒྲིག་ཤོང་ཚད96.32%ལ་སླེབས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ལྷུན་ཆགས་ཀྱི་ཧི་མ་ལ་ཡ་རི་རྒྱུད་ཀྱི་བྱང་འདབས་དང་བརྗིད་ཆགས་ཤིང་ཁོད་ཡངས་པའི་ཡར་ཀླུང་གཙང་པོའི་ལྷོ་ངོགས། མཚོ་བོད་མཐོ་སྒང་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེབ་རིས་མཚམས་སུ་ཀྲུང་གོའི“རླུང་ཤུགས”དང“འོད་ཤུགས”ལེགས་ཤོས་ཡོད།
ལྗང་མདོག་གི་ཨར་ལས་རྒྱུ་ཆས་དང་རང་བྱུང་འཐུང་ཆུ། ཞིང་ཕྱུགས་ཐོན་རྫས་ལས་སྣོན། མཐོ་གསར་ལག་རྩལ་བཟོ་བ་སོགས་བོད་ལྗོངས་ཀྱིས་དུས་དཔགས་བབ་བསྟུན་དང་མཐོ་གནས་སྐུལ་འདེད། རང་ངོས་གསར་བརྗེ་བྱས་ནས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་བཟོ་ལས་དང་ཞིང་ལས། ཞབས་ཞུའི་ལས་རིགས་སོགས་ཕྲེང་འབྲེལ་གྱི་ལྷུ་ཚིགས་སོ་སོར་འདྲེས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད།
བོད་ལྗོངས་ཞལ་གངས་ལྕམ་ཁེ་ལས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་སོང་བའི་ཚེ། དེང་རབས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་མགྱོགས་མྱུར་སྒོས་འཁོར་སྐྱོད་དང་། གཏེར་ཆུ་དམ་བུ་རེ་རེའི་ནང་དུ་ཆུ་ལྡུག་པ་དང་ཐུམ་རྒྱག་པ་སོགས་གོ་རིམ་ཧྲིལ་བོ་རང་འགུལ་ཅན་གྱི་ཐོན་སྐྱེད་བྱེད་བཞིན་པའི་བྲེལ་འཚུབ་ཀྱི་རྣམ་པ་མཐོང་ཐུབ། ཐོན་སྐྱེད་སྒྲུབ་རིམ་བསྒྱུར་བཀོད་རིམ་སྤོར་བྱས་རྗེས། ཐོན་རྫས་སྤུས་ཚད་དང་ཐོན་འབོར་ཇེ་མཐོར་ཕྱིན་པ་མ་ཟད། མངག་ཐོའི་ཚད་ཀྱང་ཇེ་མང་དུ་ཕྱིན་ཡོད་པས། སྔོན་དཔག་བྱས་པ་ལྟར་ན་ལོ་རེའི་ཐོན་འབོར་ཏུན5000ཡན་དུ་སླེབས་ཡོད།
སྨན་གླིང་གྲོང་ཁྱེར་གྱིས་ས་གནས་གཞན་དག་གི་ཁེ་ལས་ནང་འདྲེན་བྱས་ཏེ་ནགས་གསེབ་རི་སྐྱེས་ར་མཉེ་འདེབས་འཛུགས་བྱས་པ་དང་། ས་སྐྱ་རྫོང་གིས“ཁེ་ལས+ཚན་ཞིབ+རྟེན་གཞི+ཞིང་དུད”ཀྱི་མཉམ་འདྲེས་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱས་ནས་མཐོ་སྒང་གུར་ཀུམ་རྣམ་གྲངས་འཕེལ་རྒྱས་སུ་བཏང་། བོད་ལྗོངས་ཉིང་རྩིས་ཚན་རྩལ་སྡེ་ཚོགས་ཀུང་སིས་གཞི་གྲངས་ལྟེ་གནས་བེད་སྤྱོད་བྱས་ནས། ནུབ་རྒྱུད་ས་ཁུལ་གྱི་མ་གནས་དམའ་བའི་ཚད་རྩིས་ལྟེ་གནས་ཆེ་གྲས་བསྐྲུན་ཏེ“དྲ་ཐོག+ལས་རིགས”ཀྱི་ལས་སྒོའི་རྣམ་པ་བསྐྲུན་ཡོད། བོད་ལྗོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་རང་སྐྱོང་ལྗོངས་ཏང་ཨུའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས“ལྗང་མདོག”རྗེས་རྙེག་པ་དང“ལྗང་མདོག”འཕེལ་ཕྱོགས་ལ་ཤུགས་བཏོན་ནས། “རི་སྔོ་ཆུ་དྭངས”དང“གསེར་རི་དངུལ་རི”ཕན་ཚུན་ཕྱོགས་གཉིས་སྒྱུར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆ་དང་འཕེལ་རྒྱས་ལེགས་ཆར་མུ་མཐུད་དུ་ཚུལ་སྒྱུར་བྱས་ཡོད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བཏོད་པ་ཁྲིད་སྟོན་དུ་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་གསར་བར་སྐྱོད་ཡོད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་ནན་མོ་བྱས་ཏེ། ལྗོངས་ཡོངས་ཀྱི50%ཡན་གྱི་རྒྱལ་ཁབ་མངའ་ཁོངས་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་ནང་བཅུག་པ། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་སྤྱི་འདོམས་བྱས་ནས། རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་། ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་ནས་ནགས་སྐྲུན་མུའུ་ཁྲི100ལས་བརྒལ་བ་དང་། ལྗོངས་ཡོངས་སུ་ནགས་ཚལ་ཁྱབ་ཚད12.31%ཇེ་མཐོར་ཕྱིན་པ། བསྡོམས་པས་སྐྱེ་ཁམས་ལས་གནས་ཁྲི44ལྷག་བཀོད་སྒྲིག་བྱས་པ་དང་ལོ་རེར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར15ལས་བརྒལ་བ་བཏང་ནས། མི་དམངས་མང་ཚོགས་ཀྱིས་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་རེག་པ་དང་ཕྱུག་འགྱུར་གྱི་བགྲོད་ལམ་དུ་སྐྱོད་ཡོད།
གཞི་གྲངས་ལས་ཡོད་ཚད་གསལ་བཤད་བྱས་ཡོད་དེ། བོད་ལྗོངས་ཀྱི་ཁོར་ཡུག་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད99.7%ཡན་དུ་སླེབས་པ་དང་། ཆུ་བོ་དང་གཙང་པོ། མཚེའུ་གཙོ་བོ་ཁག་གི་ཆུའི་སྤུས་ཚད100%ལ་སླེབས་པའམ་ཡང་ན་རིགསⅢལས་ལེགས་པ། བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཆེས་ལེགས་པོའི་ས་ཁུལ་གཅིག་གྲས་སུ་གྱུར་ཡོད། །
འཕྲིན་སྟེགས། weikangba