—— བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་འཁོར60ལོན་པའི་རིང་གི་ཞིང་ཕྱུགས་ལས་འཕེལ་རྒྱས་བསྡུས་གླེང་།

ཟླ9པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་སྙེའུ་ཤང་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་ལྗོངས་མཛེས་ཤིང་ཉམས་དགའ་བ་དང་མཁའ་དབུགས་ཁྲོད་ནས་ཀྱི་དྲི་བསུང་འཐུལ་ཡོད། གྲོང་མི་ཚེ་དབང་གི་ལུས་སུ་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་གོན་ནས་འཕྲུལ་ཆས་ལ་ཁ་ལོ་སྒྱུར་ཏེ་ཞིང་ཁར་ནས་འབྲུ་བརྔ་བསྡུ་བྱེད་བཞིན་ཡོད།
ལོ་ངོ60ཡར་སྔོན་དུ་ཁོང་གི་ཨ་མེས་ས་གཞི་འདིའི་སྟེང་སྲོལ་རྒྱུན་གྱི་རྨོ་འདེབས་ཡོ་བྱད་ལ་བརྟེན་ནས་ལོ་ཏོག་ཐོན་ཚད་དམའ་བའི་ཞིང་ལས་གཉེར་བ་ཡིན། དེང་སྐབས་ཚེ་དབང་གིས་སྔོན་ཆད་ཨ་མེས་དཀའ་སྡུག་ངལ་རྩོལ་བྱས་པའི་ས་གཞི་འདིའི་སྟེང་འཕྲུལ་ཆས་ཅན་གྱི་ཡོ་བྱད་ལ་བརྟེན་ནས་གྲོ་སྙེ་བརྔ་བསྡུ་བྱེད་བཞིན་ཡོད་ལ། འབྲུ་རྡོག་རྒྱགས་པ་རེ་རེ་དང་ལོ་ལེགས་བྱུང་བའི་དགའ་སྤྲོའི་མཛུམ་མདངས་ལས་མཐོ་སྒང་གི་གྲོང་གསེབ་དར་སྤེལ་གྱི་གསོན་ཉམས་ལྡན་པའི་ལྗོངས་རིས་ཞིག་བཏོད་ཡོད།
ལོ་ངོ60ལོ་ཟླའི་ནང་མཐོ་སྒང་གི་ས་གཞི་ཆེན་པོ་འདིས་གནམ་ས་བླ་འོག་སྒྱུར་བ་ལྟ་བའིུ་འཕོ་འགྱུར་གྱི་རྟགས་ཐམ་བརྐོས་ཡོད། ལོ་ངོ60ཡི་རིང་བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་དང་། རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་ཇེ་ལེགས་སུ་ཕྱིན་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་དངོས་པོའི་རྨང་གཞི་བརྟན་པོ་བཞག་ཡོད། “འབྲས་ཁུག”དང“ཚོད་སླེ”སོགས་ཐོན་རྫས་མཁོ་སྤྲོད་ནུས་པ་ལོ་རེ་བཞིན་ཇེ་མཐོར་ཕྱིན་པ་དང་སྣ་ཁའི་གདམ་ག་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱིས“ལྟོ་རྒྱགས་པ”ནས“ཟས་མཆོག་ཟ་བའི”འགྱུར་ལྡོག་མངོན་འགྱུར་བྱུང་ཡོད།
གཞི་གྲངས་ལས་མངོན་པ་ལྟར་ན། འབྲུ་རིགས་སྤྱིའི་ཐོན་ཚད1965ལོའི་ཏུན་ཁྲི29.07ནས2024ལོའི་ཏུན་ཁྲི112.9ལ་འཕར་ནས་བསྟུད་མར་ལོ10རིང་ཏུན་ཁྲི100ཡན་དུ་སླེབས་པ། ཤ་དང་འོ་མའི་ཐོན་ཚད1978ལོ་ལས་ལྡབ6.2འཕར་བ་དང་མི་རེའི་ཆ་སྙོམས་ཀྱི་བཟུང་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པ། སྔོ་ཚལ་གྱི་ཐོན་ཚད1985ལོ་དང་བསྡུར་ན་ལྡབ15འཕར་ཡོད།
ཐོན་ལས་བསྐྱར་བཟོའི་ལྗོངས་རིས་གསར་བ།
2021ལོར། གོ་རིམ་ཧྲིལ་བོ་རིག་ནུས་ཅན་གྱི་བོད་བྱ་ཐོན་ལས་གླིང་རྣམ་གྲངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོར་བསྐྲུན་པ་དང་། བྱ་ཕྲུག་གསོན་ཚད་དང་སྒོ་ང་ཐོན་ཚད་སྔོན་ཆད་ཀྱི60%མེད་པ་ནས་སོ་སོར97%དང96%ཇེ་མཐོར་ཕྱིན་ཡོད་ལ། གཞི་རྩའི་ཆ་ནས་བོད་ལྗོངས་ཀྱི་སྒོ་ང་སོས་མ་རང་མཁོ་རང་སྤྲོད་ཐུབ་ཡོད།
“ཀུང་སིའི་ཐོན་སྐྱེད་བྱ་རིམ་གྱི་རང་འགུལ་ངང་གཟན་ཆས་སྟེར་བ་དང་། རང་འགུལ་ངང་དབྱེ་གསེད། བཤང་གཅི་ཐག་གཅོད་བྱས་ནས་སྐྱེ་ལྡན་ལུད་བཟོ་བ་སོགས་ཀྱི་གོ་རིམ་ཧྲིལ་བོར་རང་འགུལ་ཅན་གྱི་ཚོད་འཛིན་བྱེད་བཞིན་ཡོད”ཅེས་བོད་ལྗོངས་ཧུང་ནོང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཧོང་ལིན་གྱིས་ངོ་སྤྲོད་བྱས། མིག་སྔར། ཀུང་སིས་ཉིན་རེར་སྒོ་ང་སོས་མ་ཁྲི60ལྷག་དང་ལོ་རེར་སྐྱེ་ལྡན་ལུད་ཏུན་ཁྲི3ལྷག་ཐོན་སྐྱེད་བྱས་ཏེ། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་ནང་གནས་རེས་འཁོར་མངོན་འགྱུར་བྱུང་ཡོད།
ལོ་ངོ60ཡི་རིང་། བོད་ལྗོངས་ཀྱི་གསར་དར་ཞིང་ཕྱུགས་ལས་ཚོང་ལས་བདག་གཉེར་མཁན་མེད་པ་ནས་ཡོད་པ་དང་། ཆུང་བ་ནས་ཆེ་བ། ཉམས་ཞན་ནས་སྟོབས་ལྡན་དུ་གྱུར་ཡོད། 2024ལོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས187དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཁྲི10.8། ཁྱིམ་ཚང་ཞིང་ཕྱུགས་ར་ཁྲི0.65ལ་སླེབས་ནས་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་བདག་གཉེར་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2022ལོའི་ཟླ4པར། བོད་ལྗོངས་ཀྱི་ཞིང་ཕྱུགས་ལས་རིགས་ཀྱི་ས་ཁོངས་སྤྱི་སྤྱོད་ཚོང་རྟགས་ཐོག་མ་སྟེ། “བོད་ལྗོངས་ནས”དངོས་སུ་ཁྱབ་བསྒྲགས་བྱས་ནས་བོད་ལྗོངས་ཀྱི་ནས་ཐོན་ལས་སྲོལ་རྒྱུན་ནས་དེང་རབས་དང་། ཉམས་ཆུང་ནས་སྟོབས་ལྡན་དུ་སྐྱོད་པར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཚོང་རྟགས་ཕན་ནུས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་དང་སྔར་ལས་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་ར་བཏོད་ཡོད།
མིག་སྔའི་བར། བོད་ལྗོངས་ཀྱིས་བསྡོམས་པས་རིམ་པ་སོ་སོའི་ས་ཁོངས་སྤྱི་སྤྱོད་ཚོང་རྟགས20དང་གྲོང་ཁྱེར་རིམ་པ་ཡན་གྱི་སྣེ་འདྲེན་ཁེ་ལས་ཚོང་རྟགས70། གྲོང་ཁྱེར་རིམ་པ་ཡན་གྱི་སྣཻ་འདྲེན་ཁེ་ལས་གཙོ་གནད་ཐོན་རྫས་ཚོང་རྟགས115བཅས་བཏོད་ཡོད། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས། རྒྱལ་ཡོངས་ཀྱི་མིང་གྲགས་ཆེ་བ་དང་སྤུས་ལེགས་ཁྱད་ཐོན་གསར་ཤོས་ཞིང་ལས་ཐོན་རྫས་བསྡོམས་གྲངས423ངོས་འཛིན་བྱས་ཡོད་ཅིང་། དེའི་ཁྲོད“བོད་ལྗོངས་ནས”དང“ཀོང་པོ་རྒྱ་མདའི་བོད་ཕག”“གམ་པའི་ལུག”བཅས་རྒྱལ་ཡོངས་ཀྱི་ཞིང་ལས་ཚོང་རྟགས་སྤུས་ལེགས་གསོ་སྤེལ་འཆར་གཞིའི་ནང་ཚུད་ཡོད།
གྲོང་སྡེར་རྣམ་པ་གསར་བ་མངོན་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་ཁྱིབ་གུ་བྲག་གྲོང་ཚོར་སྐྱོད་པའི་ཚེ། སྔོ་ཐིང་ཐིང་གི་ལྗོན་ཤིང་གྲལ་སྟར་སྒྲིག་ནས་ལྗང་མདོག་གི་གཡུ་འབྲུག་ཅིག་དང་འདྲ་བར་གྲོང་ཚོ་དང་རི་ཐང་ཕན་ཚུན་སྦྲེལ་ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་པ། ནོར་ལུག་ཁྱུ་ཡིས་མཚེའུ་འགྲམ་དུ་བག་ཕེབས་ངང་རྩྭ་ཟ་བཞིན་པ་བཅས་མཐོང་ཡོང་།
“ང་ཚོའི་གྲོང་ཚོ་ཡར་འབྲོག་གཡུ་མཚོའི་དབུས་དཀྱིལ་དུ་གནས་པ་དང་། སྔོན་ཆད་དེ་ག་ས་རྒོད་ཐང་སྟོང་ཁུལ་ཡིན་པས་ཕལ་ཆེར་རི་སྐྱེས་སྲོག་ཆགས་མཐོང་མི་ཐུབ། རྗེས་སུ་ང་ཚོས་སྡོང་འཛུགས་ནགས་སྐྲུན་དང་ས་ཞིང་བ་ཚྭ་ཅན་བཅོས་སྐྱོང་། རྩྭ་ར་སླར་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་བས། ད་གཟོད་དེ་རིང་གི་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་བའི་རྣམ་པ་མངོན་བྱུང”ཞེས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་བཀྲ་དོན་གྱིས་བཤད།
2018ལོར། སྣ་དཀར་རྩེ་རྫོང་གིས་མ་དངུལ་སྒོར་ཁྲི2689.46བཏང་ནས་ཁྱིབ་གུ་བྲག་གྲོང་ཚོར་སྐྱེ་ཁམས་གཟན་རྩྭ་འདེབས་འཛུགས་ཐོན་ལས་རྟེན་གཞི་བསྐྲུན། སྐྱེ་ཁམས་གཟན་རྩྭ་འདེབས་འཛུགས་ཐོན་ལས་རྟེན་གཞི་སྐྲུན་པ་དེས་ཐོན་ལས་ཕྲེང་འབྲེལ་བསྟར་སྒྲིག་བྱས་པ་མ་ཟད། ད་དུང་བ་གླང་གསོ་སྤེལ་དང་སྦྲང་རྩི་གསོ་སྤེལ་སོགས་ཐུན་མོང་དཔལ་འབྱོར་དར་ཞིང་རྒྱས་པའི་རྣམ་པ་འཕེལ་བར་བྱས་པ་དང་། གྲོང་མིའི་ཡོང་འབབ་ཉིན་བཞིན་ཇེ་མང་དུ་ཕྱིན། བསོད་ནམས་བཀྲ་དོན་གྱིས་ཐག་རིང་སའི་རྟེན་གཞིར་བལྟ་ཞོར་དགའ་སྤྲོའི་ངང“ཐོན་ལས་འདིའི་ཕྲེང་འབྲེལ་གྲོང་ཚོར་རྩ་བ་ཚུགས་ནས་ཡལ་ག་རྒྱས་ཡོད་པས། འཚོ་བ་སྐྱིད་པོ་ད་རུང་རྗེས་སུ་ཡོད”ཅེས་བཤད།
2011ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། མིག་སྔར་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་ལས་དོན་མི་འགྱངས་བར་མཇུག་འགྲིལ་གྲབས་ཡོད་པ་དང་། རྩྭ་ཐང་སྐྱེ་ཁམས་སླར་གསོ་ནུས་ལྡན་ཐུབ་པ། མིས་ཐབས་ཀྱི་གཟན་རྩྭ་རྟེན་གཞི་འཛུགས་སྐྲུན་དང་ཁང་བའི་མདུན་རྒྱབ་དུ་རྩྭ་འདེབས་ཤུགས་ཆེ་རུ་བཏང་བ་བརྒྱུད། རང་བྱུང་རྩྭ་རར་ཕྱུགས་འཚོ་བའི་གནོན་ཤུགས་ཞི་ལྷོད་དུ་བཏང་ཡོད།
མཁྲེགས་ཆས་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་བཅོས་སྐྱོང་ལའང་གསོན་ཤུགས་གསར་བ་མངོན་ཡོད། བོད་ལྗོངས་ཀྱིས་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་བྱས་པའི་རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ་ཕན་ཚུན་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ“སྐར་གསོག་ལམ་ལུགས”ཁྱབ་གདལ་དུ་གཏོང་བ་དང་གྲོང་སྲོལ་དམངས་ཆིངས་ཟུང་འབྲེལ་དམ་ཟབ་ཡོང་བར་བྱས་ནས་མང་ཚོགས་ཟབ་ཞུགས་ཀྱི་ལས་སྟེགས་བཏོད་པ། སྐར་གསོག་བརྩོན་ལེན་དང་སྐར་གསོག་དཔྱད་དཔོག སྐར་གསོག་འགྲན་བསྡུར། སྐར་གསོག་དངུལ་བརྗེས་སོགས་བརྒྱུད་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་གྲོང་གསེབ་བཅོས་སྐྱོང་སྒྲིག་གཞི་ཆགས་ཡོད།
2024ལོའི་ཚུན་དུ་ལྗོངས་ཡོངས་ཀྱི་གྲོང་ཚོ3988ཀྱི“སྐར་གསོག་ལམ་ལུགས”བཀོལ་སྤྱོད་བྱས་ཤིང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་མཐོར་འདེགས་དོན་ལ་འབབ་ས་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས“གཙང་སེལ་བཞི་དང་བཅོས་སྒྱུར་གཉིས”གཙོ་ཡིན་པའི་གྲོང་ཚོའི་དག་གཙང་བྱ་འགུལ་སྤེལ་བ། བསྡོམས་པས་མཐོ་སྒང་གི་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ1000སྐྲུན་པ། ཁྱིམ་སྤྱོད་གསང་སྤྱོད་ཁྲི43ལྷག་དང་མི་དང་སྒོ་ཕྱུགས་ཁ་བྲལ་ཁྱིམ་དུད་ཁྲི50ལྷག་བསྒྱུར་བཀོད་ལེགས་པར་འགྲུབ་ནས། ཞིང་སྡེའི་ཁྱིམ་སྤྱོད་ཡོངས་ཁྱབ་ཚད་དང་མི་ཕྱུགས་ཁ་བྲལ་སྡོད་ཚད་སོ་སོར80%དང90%ཡན་དུ་སླེབས།
འཚོ་བར་རེ་ལྟོས་གསར་བ་ཡོད་པ།
སྟོན་བསྡུའི་དུས་སུ་གཞིས་ཀ་རྩེ་གྲོང་ཁྱེར་ས་སྐྱ་རྫོང་བྲག་གཞུག་ཤང་བྲག་གཞུག་གྲོང་ཚོའི་ཞིང་ཁར་ཞོགས་པའི་ཉི་གཞོན་འཕྲོས་པ་དང་བསྟུན་ཨོ་རྒྱན་ཚེ་རིང་གིས་བརྔ་བསྡུའི་འཕྲུལ་འཁོར་སྐོར་ནས་ཞིང་ཁར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ། གསེར་མདོག་གི་གྲོ་སྙེའི་འབྲུ་རྡོག་རེ་རེ་ལས་ལོ་ལེགས་བྱུང་བའི་དགའ་བ་མངོན་ཡོད།
2017ལོར་ཨོ་རྒྱན་ཚེ་རིང་གིས་ཕ་ཡུལ་དུ་ས་སྐྱ་རྫོང་བྲག་གཞུག་ཤང་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་བཙུགས་པ་ཡིན་ལ། གཙོ་བོ་མིས་ཐབས་ཀྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་དང་ས་ཞིང་ལེགས་སྒྲིག ས་བོན་གྱི་ཕྱི་ཐུམ་དྲག་འདེམས། ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལས་སྒྲུབ་སོགས་ལས་སྒོ་གཉེར་བཞིན་ཡོད་པ་མ་ཟད། ད་དུང་རིམ་བཞིན་འཕེལ་རྒྱས་རྒྱ་ཆེར་བཏང་ནས་ཐོན་མའི་སྒྲིག་ཆས་འགའ་ཤས་ནས་ད་ལྟའི་ཞིང་ལས་འཕྲུལ་ཆས་དང་ཡོ་བྱད125ཡོད་པར་གྱུར་ཡོད།
ཞིང་ལས་འཕྲུལ་ཆས་ཀྱིས་སྲོལ་རྒྱུན་གྱི་རྨོ་འདེབས་བྱེད་སྟངས་ཀྱི་ཚབ་པ་དང་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཁྱབ་གདལ་དུ་བཏང་བ་དང་བསྟུན་ནས། 2024ལོར་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཀྱི་སྤྱིའི་འགུལ་ཤུགས་ཆན་ཝ་ཁྲི800ལ་སླེབས་པ་དང་ཞིང་ལས་འཕྲུལ་ཆས་སྒྲིག་བཀོད་ཁྲི61.2ཟིན་པ། ཞིང་ལས་ལོ་ཏོག་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་ཕྱོད་ཚད67.8%ལ་སླེབས་ནས་གཞི་ཁྱོན་ཆེ་བའི་ངལ་ལས་ཕྱིར་གཏོང་ལ་ཆ་རྐྱེན་མཁོ་འདོན་བྱས་ཡོད།
འབབ་འཕར་གྱི་གཏམ་བཟང་སྐལ་བཟང་མེ་ཏོག་ཇི་བཞིན་རྣམ་པར་བཞད་པ། 2024ལོར་ལྗོངས་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ནས་སྒོར་ཁྲི2ཡི་འགག་ཆེན་བརྒལ་ཏེ་སྒོར21578ལ་སླེབས་པ་དང་དེ་ནི1965ལོའི་ལྡབ199ཡིན། ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་གངས་ལྗོངས་མཐོ་སྒང་གི་སྒང་གཤོངས་མི་སྙོམས་པའི་རི་རྒྱུད་དུ་མུ་མཐུད་སྣུར་སྲིང་བྱས་ཡོད།
དེང་སྐབས། མིག་རྒྱང་རིང་པོས་བལྟས་ན་བོད་ལྗོངས་ཀྱི་སྲོལ་རྒྱུན་ཞིང་ཕྱུགས་ལས་དང་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མཛེས་པའི་གྲོང་གསེབ་ཀྱི་གསོན་ཤུགས་གང་སར་ཁྱབ་པ། རོང་འབྲོག་པའི་འཚོ་བ་བདེ་ཞིང་སྐྱིད་པ། “ཞིང་ལས་སྟོབས་ལྡན་དང་ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་པོའི”དཔེ་རིས་ཞིག་གངས་ལྗོངས་མཐོ་སྒང་གི་ས་ཞིང་དང་རི་ཐང་དུ་མཆེད་ཡོད། །
འཕྲིན་སྟེགས། weikangba