བོད་ལྗོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་ལ་བལྟས།

2025-09-05
207


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་མ་ཟད། གཟིགས་ཞིབ་དང་ལེན་ཞུ་མཁན་དཔུང་སྡེར་གཟིགས་ཞིབ་གནང་། བོད་ལྗོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་བརྙན་འཕྲིན་དང་དྲ་རྒྱ། རྒྱང་སྒྲོག་སོགས་བརྒྱུད་ནས་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་ལ་ལྟ་ཉན་བྱས་ཏེ། མཉམ་དུ་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་མིག་གིས་བལྟས་པ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས། བོད་བྱང་རྒྱུད་ཀྱི་རྩྭ་ཐང་ནས་ལྷོ་རྒྱུད་ཀྱི་རོང་ས། མངའ་རིས་མཐོ་སྒང་ནས་ཉིང་ཁྲིའི་ནགས་ཀླུང་བཅས་སུ་ཚང་མས་མགྲིན་གཅིག་ཏུ་དམག་གཟིགས་མཛད་སྒོའི་གཟབ་རྒྱས་རྣམ་པ་མཐོང་བའི་ཚེ། སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར་བ་དང་སྤོབས་པ་ཆེ་རུ་སྐྱེད་པ། སྐུལ་ལྕག་གཏིང་ཟབ་ཐེབས་པ་ཡིན་ལ། ང་ཚོས་འཇར་འགོག་དམག་འཁྲུག་གི་ལོ་རྒྱུས་བློ་ལ་དམ་པོར་བཅངས་ནས་མི་རིགས་རང་ཚུགས་དང་མི་དམངས་བཅིངས་འགྲོལ་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དྲན་གསོ་ཞུ་བ་དང་། ད་ལྟའི་ཞི་བདེ་དང་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་བྱས་ཏེ་སྔར་བས་མཛེས་སྡུག་ལྡན་པའི་སང་ཉིན་འབད་པས་གཏོད་དགོས་པ་བསྟན། 

ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་སྲང་ལམ་དར་སྤེལ་སྡེ་ཁུལ་གྱིས་ལས་དོན་མི་སྣ་དང་མང་ཚོགས་ཀྱི་འཐུས་མི་རྩ་འཛུགས་བྱས་ནས་མཉམ་དུ་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས། དོག་སྡེ་སྲང་ལམ་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཧྲི་ཁོན་གྱིས“སྡེ་ཁུལ་གྱི་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་ལོ་རྒྱུས་སེམས་སུ་དམ་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ནས། རླབས་ཆེ་བའི་འཇར་འགོག་སྙིང་སྟོབས་ཁྲོད་འབད་འབུངས་མདུན་སྐྱོད་ཀྱི་སྒུལ་ཤུགས་བསྡུ་ལེན་བྱས་ཏེ། དེ་ག་སྡོད་དམངས་ལ་ཞབས་ཞུ་སྒྲུབ་པ་དང་སྡེ་ཁུལ་འཛུགས་སྐྲུན་གྱི་དོན་དངོས་བྱ་སྤྱོད་དུ་སྒྱུར་ནས་རྒྱལ་ཁབ་སྟོབས་ཆེན་བསྐྱར་དར་ཆེད་གཞི་རིམ་གྱི་སྟོབས་ཤུགས་འབུལ་དགོས”ཞེས་བཤད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དན་བག་སློབ་ཆུང་གི་དགེ་སློབ་ཡོངས་ཀྱིས་དམག་གཟིགས་མཛད་སྒོའི་བརྗིད་ཉམས་ལྡན་པའི་རྣམ་པ་མཐོང་ནས་སེམས་འགུལ་ཆེན་པོ་ཐེབས་པ་དང་མེས་རྒྱལ་གྱི་དར་རྒྱས་དང་སྟོབས་ཆེན་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད། སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་མའོ་ཝེ་ཀྲུང་གིས“སློབ་གསོ་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཕྲག་ཏུ་འགན་འཁྲི་ལྕི་མོ་འཁུར་ཡོད། དམག་གཟིགས་ཁྲོད་མངོན་པའི་མཐུན་སྒྲིལ་དང་འབད་འཐབ། ཡོད་ཚད་འབུལ་བའི་སྙིང་སྟོབས་ཀྱིས་ང་ཚོའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་། སློབ་གསོ་དང་སློབ་ཁྲིད་བཅས་ལེགས་པོ་སྒྲུབ་པར་བློ་སྒོ་འབྱེད་པའི་ནུས་པ་ཐོན། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཡིད་ལ་དམ་པོར་བཅངས་ནས་སློབ་ཁྲིད་ཡག་པོ་བྱེད་པ་དང་། ཁྱིམ་བདག་གི་བློ་ཡིད་ཚིམ་པ་དང་སྤྱི་ཚོགས་ཀྱི་བློ་ཁེལ་ཆོག་པ། སློབ་མའི་གུས་བཀུར་བྱེད་པའི་དགེ་རྒན་བཟང་པོ་ཞིག་བྱེད་དགོས”ཞེས་བཤད། 

ཟླ9པའི་ཚེས3ཉིན་གྱི་ཞོགས་པར། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་བས་བརྙན་འཕྲིན་གྱི་མདུན་དུ་ཚོགས་ཆེན་གྱི་མགོ་ཚུགས་པར་སྒུག་ཡོད། ཆོ་གའི་རུ་སྟར་གྱིས་བདེ་རྩལ་ལྡན་པའི་གོམ་སྟབས་སྤོས་ནས་ངར་ཤག་ཤག་དང་དཔའ་ཆེ་ཆེ་ཡིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་ནས་མེས་རྒྱལ་དང་མི་དམངས་ཀྱི་གཟིགས་ཞིབ་དང་ལེན་བྱེད་སྐབས་ཚང་མར་སེམས་འགུལ་ཆེན་པོ་ཐེབས། ཚང་མས་མགྲིན་གཅིག་ཏུ་སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ལས་དོན་གཉེར་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་འགོག་སྨན་དང་མྱུར་སྐྱོབ་སྨན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཕྲེང་འབྲེལ་ཧྲིལ་བོའི་ལྟ་སྐུལ་དོ་དམ་སྔར་བས་ཆེ་རུ་གཏོང་བ་དང་། མཉམ་སྒྲུབ་གཞོགས་འདེགས་དམག་འཐབ་མ་ལག་དང་སྡེ་ཁག་མཉམ་འགུལ་གཏིང་ཟབ་དུ་བཏང་ནས་སྨན་རྫས་སྤུས་ཞན་དང་རྫུན་མར་རྡུང་རྡེག་གཏོང་བ། ལག་ལེན་ཁག་ཁུར་དམངས་ཀྱི་ཆེད་དང“ལྟ་སྐུལ་དོ་དམ་དམངས་ཀྱི་ཆེད”ཅེས་པའི་བརྗོད་གཞི་ནམ་རྒྱུན་གྱི་འཐེན་བཤེར་དང་ཚན་རིག་ཡོངས་ཁྱབ་ཞབས་ཞུའི་ནང་འདྲེས་པར་བྱས་ཏེ། མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ཀྱི“གཟུགས་མེད་གཡུལ་ས“བརྟན་པོར་སྲུང་ནས་རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་དགོས་པ་བསྟན།

གཞིས་ཀ་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ཇག་ཤང་དུ་གནོད་ཕྱིའི་བསྐྱར་སྐྲུན་ལས་དོན་སྒྲུབ་པའི་མང་ཚོགས་ཀྱིས་ཞིང་ཁ་དང་གནས་སྤོས་སྡོད་ཁང་གསར་བའི་ནང་དུས་མཉམ་དུ་ཐད་གཏོང་ལ་བལྟས་ནས་མེས་རྒྱལ་གྱི་སྟོབས་ཤུགས་ཆེན་པོ་དང་བྱམས་བརྩེའི་ཐུགས་ཁུར་མྱོང་ཚོར་བྱེད་བཞིན་ཡོད། ཀོ་ཇག་ཤང་ཆད་གྲོང་ཚོར་ནས་བརྔ་བསྡུ་བྱེད་བཞིན་པའི་འཇིགས་མེད་ཀྱིས་ལག་ཁྱེར་ཁ་པར་བརྒྱུད་ནས་བཟའ་མི་དང་མཉམ་དུ་ཞིང་ཁར་ཐད་གཏོང་ལ་ལྟ་བཞིན་ཡོད། “ང་ཚོའི་རྒྱལ་ཁབ་ཀྱི་དམག་དཔུང་གི་སྟོབས་ཤུགས་ཆེ་བ་དང་སྒྲིག་ཆས་སྔོན་ཐོན་ཡིན་པ་མཐོང་ན་སེམས་པ་ཧ་ཅང་བདེ་བོ་བྱུང་། ཁྱིམ་གྱི་སྡོད་ཁང་གསར་བ་སྐྲུན་ཚར་ལ་ཉེ་བས་མ་འོངས་པའི་འཚོ་བར་ཇེ་སྐྱིད་ཡིན་ངེས་རེད”ཅེས་འཇིགས་མེད་ཀྱི་སྐད་ཆའི་ཁྲོད་མ་འོངས་འཚོ་བར་ཡིད་སྨོན་ཆེན་པོ་བཅངས་ཡོད།

བོད་ལྗོངས་གཞིས་ཀ་རྩེའི་ཡན་ལག་དམག་ཁུལ་གྱི་མཐའ་མཚམས་མདའ་ཤོག་ཅིག་གི་སོ་ལྟ་ཁང་དུ་ལས་བྱེད་པ་ལའོ་པིན་ཀང་གིས་སེམས་འགུལ་ཐེབས་པའི་ངང་ནས་རང་ཉིད་ཀྱིས་དྲན་གསོའི་ཚོགས་ཆེན་ལ་བལྟས་པའི་མྱོང་ཚོར་བཤད་ཀྱིན་ཡོད། ཁོང་གིས“དུས་རབས་གསར་བའི་གསར་བརྗེའི་དམག་མི་ཞིག་ཡིན་པའི་ཆ་ནས་ང་ཚོས་ངེས་པར་དུ་རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་དུ་བཏང་སྟེ། མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་ཉེན་ཁ། འགལ་རྐྱེན་ཡོད་ཚད་ལས་རྣམ་པར་རྒྱལ་ཕོད་པ་དང་། ནམ་ཡང་ལྷོད་གཡེང་མེད་པའི་སྙིང་སྟོབས་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འབུངས་རྣམ་འགྱུར་གྱིས་ཏང་དང་མི་དམངས་ཀྱིས་བསྩལ་བའི་དུས་རབས་གསར་བའི་འགན་འཁྲི་ཁག་ཁུར་བྱེད་དགོས”ཞེས་བཤད། 

“ཧ་ལས་སོང་། དངོས་ནས་ཧ་ལས་ཧང་སངས་སོང་། གྲ་འགྲིག་པའི་རུ་སྟར་དང་སྔོན་ཐོན་གྱི་གོ་མཚོན་སྒྲིག་ཆས་རིམ་པ་ལྟར་ངོ་སྟོན་བྱས་པས། ང་རང་གི་སེམས་སུ་སྤོབས་པ་དང་གཟི་བརྗིད་ཀྱིས་ཁེངས་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རྫོས་པ་སྡེ་ཁུལ་གྱི་སྡོད་དམངས་ཨུ་ལྷན་གྱི་ཀྲུའུ་རེན་དངོས་གྲུབ་རྒྱལ་མཚན་གྱིས་ཚོགས་ཆེན་ལ་བལྟས་རྗེས“དེང་སང་མེས་རྒྱལ་འདི་དྲའི་སྟོབས་ལྡན་ཡིན་པ་མཐོང་ན། ང་རང་ལ་སེམས་གཏིང་ནས་སྤོབས་པ་སྐྱེས་ཡོད། ཐེངས་འདིའི་དམག་གཟིགས་མཛད་སྒོ་ནི་ལོ་རྒྱུས་བློ་ལ་དམ་པོར་ངེས་པ་ཙམ་མིན་པར། དེ་ནི་མ་འོངས་པར་རྒྱང་ལྟ་ཐེངས་གཅིག་བྱས་པ་ཡིན། ཏང་གི་མགོ་ཁྲིད་འོག ང་ཚོའི་རྒྱལ་ཁབ་སྔར་ལས་སྟོབས་ལྡན་དང་ང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་ཡིད་ཆེས་བརྟན་པོ་ཡོད“ཅེས་བཤད།

“དམག་གཟིགས་རྣམ་པའི་ཧ་ལས་སུ་འཇུག་པ་དང་མི་སེམས་ཀྱི་སྤོབས་པ་ཆེར་སྐྱེད་བྱུང་། ང་ལ་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་བ་དང་། ཞི་བདེར་གཅེས་སྤྲས། དེང་སྐབས་ཀྱི་གོ་སྐབས་དམ་འཛིན་བྱས་ནས་ཤུགས་སྐྱེད་སྟོབས་སྤེལ་བྱེད་དགོས་པའི་མྱོང་ཚོར་སྐྱེས”ཞེས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཚེ་རིང་དབང་རྒྱལ་གྱིས“ང་ཚོས་དམག་འཁྲུག་དུས་སྐབས་ཀྱི་དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོའི་ཕུལ་བྱུང་སྲོལ་རྒྱུན་བརྟན་སྲུང་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་དོན་དག་ལ་དམིགས་ནས་གཞི་རྩའི་དམངས་འཚོ་འགན་སྲུང་དང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུ་སོགས་འགན་འཁྲི་ལག་ལེན་བསྟར་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་མི་དམངས་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། ཟངས་རི་རྫོང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་གཏོང་དགོས ”ཞེས་བཤད། 

ནག་ཆུའི་ཡན་ལག་དམག་ཁུལ་གྱི་དམག་སྡེ་ཞིག་གི་འཐབ་མོ་བ་ཧོང་ཧྲི་ཅེ་ཡིས“ང་ཚོའི་རྐང་འོག་ནི་མཆོག་གྱུར་ཡིན་པས་ཕོག་ཐུག་གཏོང་མི་རུང་བའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ལ། རྒྱབ་ཕྱོགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ཡིན། མཐོ་སྒང་གི་འཐབ་མོ་བ་དང་དུས་རབས་གསར་བའི་དམག་མི་ཞིག་ཡིན་པའི་ཆ་ནས་ངས་སྔར་ལས་ཕྱུག་པའི་སྤྲོ་སེམས་ཀྱིས་དམག་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་དཔའ་ངར་ཞུམ་མེད་ཀྱིས་མདུན་སྐྱོད་དང་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བཤད། 

རྐང་ཐང་རུ་སྟར་གྱིས་གྲལ་འགྲིག་པའི་གོམ་སྟབས་སྤོས་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་ནས་འགྲོ་བ་དང་། སྒྲིག་ཆས་རུ་སྟར་གྱིས་རང་རྒྱལ་གྱི་སྔོན་ཐོན་གོ་མཚོན་སྒྲིག་ཆས་སྟོན་པ་མཐོང་སྐབས། བོད་ལྗོངས་ཁའེ་ཐའོ་སྡེ་ཚོགས་ཀྱི་ལས་བཟོ་བ་དམག་གཟིགས་མཛད་སྒོའི་རྔམ་བརྗིད་ལྡན་པའི་སྣང་ཚུལ་དང་དཔུང་ཤུགས་ཀྱིས་ཧ་ལས་སུ་བཅུག་ཡོད། སྡེ་ཚོགས་ཀྱི་གཞུང་སྒྲུབ་ཁང་གི་ལས་བཟོ་བ་ཀྲའོ་ཡེ་ཡིས“ང་ཚོས་ལོ་རྒྱུས་ཡིད་ལ་དམ་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་བྱེད་པ། ད་ལྟའི་ཞི་བདེའི་འཚོ་བར་གཅེས་སྤྲས་དང་ལས་དོན་སྔར་ལས་འབད་པས་སྒྲུབ་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་དར་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་བཤད། 

ཟླ9པའི་ཚེས3ཉིན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་སློབ་ཁྲི་ཕྲག་གིས་དྲན་གསོ་ཚོགས་ཆེན་དང་དམག་གཟིགས་མཛད་སྒོར་བལྟས་ཤིང་། རྒྱལ་ཁབ་ཆེན་པོའི་ཉམས་འགྱུར་དང་སྟོབས་ལྡན་དམག་དཔུང་གི་བརྗིད་ཉམས་དངོས་སུ་མྱོང་ཚོར་བྱས་ནས་དུས་ཚོད་དང་བར་སྟོང་བརྒལ་བའི་རྒྱལ་གཅེས་གཏམ་གླེང་ཐེངས་གཅིག་བྱས། “དེ་རིང་དམག་གཟིགས་མཛད་སྒོར་བལྟས་བར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་རིང་ང་ཚོས་རྒྱལ་ཁབ་ཀྱི་གཟི་བརྗིད་ལ་དཔང་པོ་བྱེད་པ། སང་ཉིན་ཁྱོད་དང་ང་ཡིས་བསྐྱར་དར་གྱི་འགན་འཁྲི་ཐེག་ཁུར་བྱེད་དགོས”ཞེས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་མི་རིགས་གཞུང་ལུགས་དང་སྲིད་ཇུས་ཆེད་ལས་ཀྱི་ཞིབ་འཇུག་པ་ཁྲིན་ལུའོ་ཕིན་གྱིས་རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་ནང་འདུས་པའི་ཕུན་སུམ་ཚོགས་པའི་བསམ་པའི་མ་རྒྱུ་བསྡུ་ལེན་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་བ་དང་རྒྱལ་ཁབ་སྟོབས་ལྡན་གྱི་ཕུགས་འདུན་དེ་རྒྱལ་ཁབ་ལ་ཞབས་འདེགས་སྒྲུབ་པའི་བྱ་སྤྱོད་དུ་སྒྱུར་ནས་མི་རིགས་བསྐྱར་དར་གྱི་ཆེད་དུ་རང་ཉིད་ཀྱི་ན་གཞོན་སྟོབས་ཤུགས་འབུལ་དགོས་པ་བསྟན། 

དམག་གཟིགས་མཛད་སྒོའི་སྟེང་གཅིག་ལྟར་གྲ་འགྲིག་པ་དང་བརྗིད་ཉམས་ལྡན་པའི་དམག་གཟིགས་རུ་སྟར་ངར་ཤུགས་ལྡན་པའི་སྒོ་ནས་མདུན་སྐྱོད་བྱེད་པ་མཐོང་ནས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྤུ་ཧྲེང་རྫོང་གི་གྲོང་སྡོད་རུ་ཁག་གི་སྤྱི་ཁྱབ་མགོ་ཁྲིད་པ་ཡུས་ཅིན་མིང་གི་སེམས་ཀྱི་རྦ་རླབས་ལང་ལོང་འཕྱུར། ཁོང་གིས“དམག་ཁོངས་ནས་ཕྱིར་ལོག་པའི་མཁའ་དམག་དམག་དཔོན་ཞིག་ཡིན་པའི་ཆ་ནས་ངས་མུ་མཐུད་དུ་དམག་མིའི་བློ་དཀར་ཟོལ་མེད་དང་ཐེག་ཁུར་འགན་འཁྲི་རྒྱུན་འཁྱོངས་བྱས་ཏེ། གངས་ལྗོངས་མཐོ་སྒང་དང་སྤུ་ཧྲེང་མཐའ་ཁུལ་དུ་རྩ་བ་ཚུགས་པ་དང་། གྲོང་གསེབ་དར་སྤེལ་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་མུ་མཐུད་ཆེ་རུ་གཏོང་དགོས་པ་མ་ཟད། རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་མཉམ་དུ་གངས་ལྗོངས་མཐའ་མཚམས་ཀྱི་ས་གཞིར་བྱེད་དགོས་པ་དང་། དངོས་སྒྲུབ་བྱས་རྗེས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ”བསྟན། །


  • 顶