བདེ་ཆེན་གྱི་གངས་འཁྱགས་ཡུལ་སྐོར་ལ་དགའ་བསུ་ཆེན་པོ་ཐོབ་པ།

2025-02-08
296

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་སུ། ཡུན་ནན་བདེ་ཆེན་ཁུལ་གྱིས་གངས་འཁྱགས་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། གངས་འཁྱགས་ཡུལ་སྐོར་དང་གངས་འཁྱགས་ལུས་རྩལ་སོགས་དགུན་དུས་ཀྱི་བྱེད་སྒོ་ལ་སྔར་ལས་དགའ་བསུ་ཆེན་པོ་ཐོབ་ཡོད། “དཔྱིད་གསར་དུས་ཆེན་ལ་སེམས་ཀྱི་ཉི་ཟླ་རུ་གངས་རྩེད་པར་འགྲོ་བ”ནི་ཡུལ་སྐོར་བ་དེ་བས་མང་བོ་ཞིག་གི་གདམ་ག་རུ་གྱུར་ཡོད།

སེམས་ཀྱི་ཉི་ཟླ་རྫོང་གི་བདུན་སྐར་གངས་ཤུད་ར་བ་དང་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་གྱིས་ཉམས་ལེན་གསར་གཏོད་དང་སྤུས་ལེགས་ཞབས་ཞུའི་ཐོག་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་གངས་འཁྱགས་ཀྱི་གསོལ་སྟོན་ལ་རོལ་རྒྱུར་ཡིད་དབང་བཀུག་ནས་དཔྱིད་གསར་དུས་ཆེན་ལ་གངས་འཁྱགས་ཀྱི་གསོན་ཤུགས་བསྣན་ཡོད།

སའི་གོ་ལ་བྱང་མའི་འཕྲེད་ཐིག་ཆེས་དམའ་བའི་གངས་ཤུད་ར་བའི་གྲས་ཤིག་ཡིན་པའི་ཆ་ནས། སེམས་ཀྱི་ཉི་ཟླའི་བདུན་སྐར་གངས་ཤུད་ར་བའི་ས་ཁམས་ཀྱི་གནས་ཡུལ་ལེགས་པ་དང་འགྲིམ་འགྲུལ་སྟབས་བདེ་བའི་དབང་གིས་ཡུལ་སྐོར་བ་གངས་ཤུད་བྱེད་པའི་དམིགས་ཡུལ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད། གསར་དུ་བརྗེས་པའི་གངས་ཆས་ཚོམས་ཆེན་དང་། གངས་རྩེད་སྒྲིག་བཀོད། ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཡོད་པའི་གངས་ལམ་བཅས་ཀྱིས་ཡུལ་སྐོར་བ་རྣམས་ལ་གཅིག་གྱུར་གྱི་སྤུས་ཚད་མཐོ་བའི་ཉམས་ལེན་མཁོ་འདོན་བྱས་ཡོད། གངས་ཤུད་ར་བའི་ནང་། དམའ་རིམ་གངས་ལམ་དང་སྤྲོ་སྣང་ལྡན་པའི་གངས་ཤུད་ཁུལ་ལ་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། གངས་ཤུད་འཁོར་སྐྱོད་དང་གངས་ཤུད་ཐག་འཐེན་སོགས་ཀྱི་མཉམ་འགུལ་རྩེད་མོ་ཡིས་བྱིས་པ་ཡོད་པའི་ཁྱིམ་ཚང་ལ་དགོད་སྒྲའི་ཁྲོད་ནས“གངས་ཤུད་ལོ་སར་གྱི་བྲོ་བ”ཚོར་ཐུབ་པ་བྱུང་ཡོད། སེམས་ཀྱི་ཉི་ཟླའི་བདུན་སྐར་གངས་ཤུད་ར་བའི་འབྲེལ་ཡོད་འགན་འཁུར་བ་ཅི་ཀྲེན་ཁའེ་ཡིས་གསར་འགོད་པར་བཤད་རྒྱུར། ཟླ1པོའི་ཚེས28ཉིན་ནས་ཟླ2པའི་ཚེས3ཉིན་བར། གངས་ཤུད་ར་བའི་ཡུལ་སྐོར་བ་དུས་ཆེན་གྱི་སྔོན་དང་བསྡུར་ན80%འཕར་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི1ལྷག་ཙམ་སྣེ་ལེན་བྱས་པ་དང་། ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་ཟིན་ཡོད། ཀོང་ཞི་ནས་ཡོང་བའི་ཝང་ཞུང་ཉིང་ཁྱིམ་མི་གང་བོ་དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་བདེ་ཆེན་དུ་ཡུལ་སྐོར་བྱེད་ཞོར་ལོ་གསར་རོལ་བ་ཡིན། དེའི་རིང་ཁྱིམ་ཚང་ཡོངས་སེམས་ཀྱི་ཉི་ཟླའི་བདུན་སྐར་གངས་གངས་ཤུད་ར་བར་རྩེ་རུ་ཡོང་བ་དང་། ཁོང་གིས“ཐེངས་དང་པོར་གངས་ནང་དུ་དཔྱིད་གསར་དུས་ཆེན་ལ་རོལ་བ་ཡིན། ཕྲུ་གུ་ཚོས་གངས་སྐོར་རྩེད་པ་དང་གངས་མི་བཟོས་ནས་ཧ་ཅང་དགའ་པོ་བྱུང་། ཡུལ་ལྗོངས་ཧ་ཅང་མཛེས་པས། ངས་ཀྱང་སེམས་ཀྱི་ཉི་ཟླ་ནས་གངས་ཤུད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད”ཅེས་བཤད།

གསར་འགོད་པས་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་ནས་ཤེས་གསལ་ལྟར་ན། མཛེས་ལྗོངས་ཁུལ་འདིས2024ལོའི་ཟླ12པའི་ཚེས7ཉིན་སྐབས་གཉིས་པའི“སེམས་ཀྱི་ཉི་ཟླ·གངས་འཁྱགས་ཀྱི་འདུ་འཛོམས”ཞེས་པའི་བྱེད་སྒོ་སྤེལ་མགོ་ཚུགས་པར་མ་ཟད། སྟག་མཆོང་འགག་མཛེས་ལྗོངས་ཁུལ་དང་། སེམས་ཀྱི་ཉི་ཟླ་ས་ཚིགས། སུན་རྩེན་གླིང་མཛེས་ལྗོངས་ཁུལ་སོགས་ཡུལ་སྐོར་བ་མང་བའི་གནས་སུ་ཁྱིམ་ཚང་གི་གངས་འཁྱགས་ཀྱི་སྤ་སེ་འཛིན་ཤོག་སྤྲད་པ་དང་། དཔྱིད་གསར་དུས་ཆེན་གྱི་གུང་གསེང་སྐབས་ཕུ་མདའ་མཚོ་མཛེས་ལྗོངས་ཁུལ་གྱི་གངས་རྩེད་ར་བར་ཡུལ་སྐོར་བ་མང་པོ་ཡོད་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དག་གངས་རྩེད་ར་བ་ནས་མཉམ་འཛོམས་བྱས་ཏེ་གངས་སྐོར་གྱི་རླབས་རྩེད་དང་གངས་སའི་སྤོ་ལོ་སོགས་གངས་འཁྱགས་ཁྲོད་ཀྱི་རྩེད་མོ་སྣ་ཚོགས་ལ་ཉམས་ལེན་བྱེད་པ་དང་། གངས་ཀྱི་འཇིམ་བརྐོས་མདུན་དུ་པར་ལངས་ནས་དྲན་གསོ་བྱེད་ཀྱིན་ཡོད། མཛེས་ལྗོངས་ཁུལ་གྱི་ལས་དོན་མི་སྣ་ཝང་ཅུན་གྱིས་བཤད་རྒྱུར། དཔྱིད་གསར་དུས་ཆེན་གྱི་འགྲུལ་བ་མང་བའི་གནས་ཚུལ་ལ་ཁ་གཏད་ནས། མཛེས་ལྗོངས་ཁུལ་གྱིས་ལས་གཉེར་དུས་ཚོད་ཇེ་རིང་དུ་བཏང་བ་དང་གངས་ཆས་གསོག་འཇོག་ཇེ་མང་དུ་བཏང་བ་མ་ཟད། མཐའ་འཁོར་གྱི་ཚོང་པ་དང་མཉམ་ལས་བྱས་ནས་བཟའ་བཏུང་དང་ ཞག་སྡོད། སྒྲིག་ཆས་བོགས་གཏོང་བཅས་ཚུད་པའི་སྤ་སེ་རྣམ་པ་བཏོན་པ་དང་། དུས་མཚུངས་སུ་གནས་སྐབས་རོགས་སྐྱོབ་ས་ཚིགས་འཛུགས་པ་དང་། མྱུར་སྐྱོབ་རླངས་འཁོར་གྱི་གནས་སྡོད་བཀོད་སྒྲིག་བྱེད་པ། གཙོ་གནད་ས་ཁོངས་ལ་དུས་ཐོག་ལྟ་སྐུལ་ཚོད་འཛིན་བྱེད་པ། སྐོར་སྲུང་ཐེངས་གྲངས་ཇེ་མང་དང་སྐད་འཕྲིན་དྲན་སྐུལ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱས་ཡོད། ཡུལ་སྐོར་བ80%ལྷག་གིས“གངས་འཁྱགས་ཁྲོད་ལོ་གསར་རོལ་བ”འདིས་སྲོལ་རྒྱུན་གྱི་དུས་ཆེན་ལ་སྤྲོ་སྣང་གསར་པ་བསྣན་ཡོད་ཅེས་བཤད།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་གྱིས་དགུན་དུས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་ཐོན་རྫས་གསར་པ། ལས་རིགས་གསར་པ། རྣམ་པ་གསར་པ་བཅས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། དགུན་དུས་སེམས་ཀྱི་ཉི་ཟླ་རུ་ཡུལ་སྐོར་བྱེད་པའི་ཟོང་རྟགས་གཟུགས་བརྙན་མུ་མཐུད་དུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས། གངས་འཁྱགས་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་དང་། བདེ་ཆེན་གྱི་གངས་འཁྱགས་དེ“གྲང་བའི་ཐོན་ཁུངས”ནས“ཚ་བའི་དཔལ་འབྱོར”རུ་འགྱུར་བར་སྐུལ་འདེད་བཏང་བ་རེད། གངས་འཁྱགས་རིག་གནས་ཡུལ་སྐོར་ཐོན་རྫས་རབ་དང་རིམ་པ་དེས་གྲོང་མི་དང་ཡུལ་སྐོར་བ་ཚོ་ལ་གུང་གསེང་སྐབས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་གདམ་ག་མཁོ་འདོན་བྱས་པ་མ་ཟད། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།  །


  • 顶