
པར་འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་བལ་ལ་གྲོང་རྡལ་དུ་རྩྭ་ས་གསབ་འདེབས་ཀྱི་ལྟ་ཞིབ་ཚད་ལེན་དཔྱད་དཔོག་ལས་དོན་སྤེལ་བའི་རྣམ་པ་རེད།

པར་འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་གི་རྩྭ་ས་ཞན་འགྱུར་ཁུལ་དུ་ཉམས་གསོའི་ཨར་ལས་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ཚན་ཞིབ་མི་སྣས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་སྐྱེ་ཁམས་ཉམས་གསོའི་ས་ཚུགས་སུ་གཟན་རྩྭ་སྐྱེ་འཚར་ལ་ལྟ་ཞིབ་བྱེད་བཞིན་པའི་རྣམ་པ་རེད།

པར་འདི་ནི་ནག་ཆུ་གྲོང་ཁྱེར་ནག་ཆུ་གྲོང་རྡལ་ནོར་སྒང་གྲོང་ཚོའི་གཟན་རྩྭ་སྐྱེ་འཚར་ལེགས་པའི་རྣམ་པ་རེད།

པར་འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཤང་གི་རྩྭ་ས་ཞན་འགྱུར་ཉམས་གསོ་ཁུལ་གྱི་གཟན་རྩྭའི་སྐྱེ་འཚར་ལེགས་པའི་རྣམ་པ་རེད།

པར་འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སུ་མི་མེད་གནམ་གྲུས་འབུ་གསོད་སྨན་རྫས་གཏོར་བའི་རྣམ་པ་རེད།

པར་འདི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ན་དམར་ཆེ་ཤང་གི་ཞན་འགྱུར་རྩྭ་ས་ཉམས་གསོ་ཁུལ་གྱི་རྣམ་པ་རེད།
ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྩྭ་ཐང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱ་དགའ་དང་ཁ་གསབ་སྤྲོད་པའི་སྲིད་ཇུས། རྩྭ་ཐང་ཐོན་ཁུངས་ལ་ལྟ་སྐུལ། རང་བྱུང་རྩྭ་ཐང་གི་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་བཅས་ལག་བསྟར་བྱས་པ་བརྒྱུད། བོད་ལྗོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2023ལོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལག་གདང་སྦྲེལ་ནས་མཚོ་སྔོན་ཞིང་ཆེན་གྱི་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་ལག་རྩལ་དཔྱད་གཞིར་བཟུང་ནས། བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་བཙུགས་པ་དང་། རྣམ་གྲངས་ཀྱི་སྤྱིའི་གྲོན་དངུལ་སྒོར་ཁྲི6000ལྷག་བཏང་ནས་རྩྭ་ཐང་གི་སྐྱེ་སྟོབས་དང་གསོན་ཤུགས་སླར་གསོ་བྱས་ཏེ། བོད་ལྗོངས་ཀྱི་ཞན་འགྱུར་རྩྭ་ས་ཉམས་གསོའི་རྣམ་པ་གསར་པ་གསར་གཏོད་བྱས་པ་དང་ཆབས་ཅིག་འབྲོག་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་འདིང་ཡོད།
སྲིད་ཇུས་དང་ཁྲིམས་སྲོལ་གྱིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱས་པ།
བོད་ལྗོངས་ཀྱིས་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། ཐོག་མཐའ་བར་གསུམ་དུ“ཁྲིམས་སྐྱོང་སྔོན་ལ་འཇོག་པའི”རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་རབ་དང་རིམ་པ་གཏན་འབེབས་བྱས་ཏེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་འདོན་སྤྲོད་བྱས། ལྷག་པར་དུ《བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་དོ་དམ་སྲོལ་ཡིག》དང《བོད་རང་སྐྱོང་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་སྤྲོད་པའི་སྲིད་ཇུས་ལག་བསྟར་ཇུས་གཞི》《བོད་རང་སྐྱོང་ལྗོངས་ཀྱི་ཕྱུགས་བསྐྱུར་རྩྭ་གསོའི་ལས་གཞི་ལག་བསྟར་ཇུས་གཞི》སོགས་སྲིད་ཇུས་ཡིག་ཆ་རབ་དང་རིམ་པས་མཐོ་སྒང་གི་རྩྭ་རྐང་རེར་སྲུང་སྐྱོབ་ལེགས་པོ་བྱས་པ་དང་། རོང་འབྲོག་མང་ཚོགས་རྩྭ་ཐང་སྲུང་སྐྱོང་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་ཞུགས་པའི་རྣམ་པ་བཟང་པོ་ཆགས་ཡོད།
ཉེ་བའི་ལོ་འགའི་རིང་། ར་སྐོར་བཀག་གསོ་དང་མིས་ཐབས་ཀྱིས་རྩྭ་འདེབས་པ། དེ་བཞིན་རྩྭ་ངན་བཅོས་སྒྲིག བྱི་བ་གསོད་པ་སོགས་རྩྭ་ཐང་ལེགས་བཅོས་ལག་རྩལ་འདི་དག་མཚོ་བོད་མཐོ་སྒང་དུ་གནད་སྨིན་བཀོལ་སྤྱོད་བྱེད་བཞིན་ཡོད། མཚོ་སྔོན་དུ་མཚོ་སྔོན་སློབ་ཆེན་གྱི་ཞིབ་འཇུག་པ་མ་ཡུས་ཧྲོའུ་དང་ཁོང་གི་ཚོགས་པས་ཞིབ་འཇུག་བྱས་པའི་མཐོ་སྒང་གི་ས་ནག་གྲམ་ཐང་གི་སྔོ་ཁེབས་ཉམས་གསོ་ལག་རྩལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་ས་ནག་གྲམ་ཐང་དུ་ལོ20ལྷག་རིང་ནུས་པ་འདོན་སྤེལ་བྱས་ཡོད།
བོད་ལྗོངས་འདི་ཉིད་མཚོ་བོད་མཐོ་སྒང་གི་ལྟེ་བའི་ས་ཁོངས་ཡིན་པའི་ངོས་ནས་མཚོ་སྔོན་དང་རི་ཆུ་མཉམ་འདྲེས་བྱས་ཡོད་ལ། རང་བྱུང་ཆ་རྐྱེན་དེ་མཚོ་སྔོན་གྱི་ས་ནག་གྲམ་ཐང་གི་སྔོ་ཁེབས་ཉམས་གསོ་དང་འདྲ་བའི་ཆ་མང་པོ་ཡོད། བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྣམ་གྲངས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མཚོ་སྔོན་གྱི་ས་ནག་གྲམ་ཐང་བཅོས་སྐྱོང་ལག་རྩལ་ནང་འདྲེན་བྱས་ཡོད་ལ། རྩྭ་སོན་གསབ་འདེབས་སྡེབ་སྒྲིག་དང་ལུད་ཀྱི་རིགས་སྤྱོད་ཚད། དེ་བཞིན་ཉམས་གསོ་བྱེད་ཐབས་བཅས་གཏན་འཁེལ་བྱས་ནས་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རྩྭ་ཐང་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱེད་སྟངས་གསར་པ་ཁྱབ་གདལ་བཏང་ཆོག་པའི་རྣམ་པ་གསར་པ་ཕྱོགས་སྡོམ་བྱས་ཡོད།
རྒྱབ་ལྗོངས་དེའི་འོག་རྣམ་གྲངས་ལག་བསྟར་གྱི་བརྒྱུད་རིམ་བདེ་བླག་བྱུང་ཡོད། གསར་འགོད་པས་ཤེས་གསལ་བྱུང་བར་གཞིགས་ན། རྣམ་གྲངས་དེ་ལྷ་ས་དང་། ནག་ཆུ། མངའ་རིས་སོགས་གྲོང་ཁྱེར3དང་རྫོང6(ཆུས)དུ་ཕྱོགས་ཡོངས་ནས་སྤེལ་ཡོད། 2023ལོ་ནས་2024ལོའི་བར། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་ཚོད་ལྟའི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི31རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད།
བྱེད་ཐབས་ནུས་ལྡན་གྱིས་རྩྭ་ཐང་ཞན་འགྱུར་བཀག་འགོག་བྱས་པ།
བོད་ལྗོངས་འདི་ཉིད་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་རྩྭ་ཐང་ཁྱབ་ཁུལ་གྱི་གྲས་ཤིག་ཡིན་པའི་ཆ་ནས་དེའི་རྩྭ་ཐང་ནི་ས་གནས་དེ་གའི་རོང་འབྲོག་པའི་འཚོ་ཇུས་ཀྱི་འབྱུང་ཁུངས་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་འགག་རྩའི་འགོག་སྲུང་ཞིག་ཀྱང་ཡིན། བསྡོམས་རྩིས་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རྩྭ་ཐང་རྒྱ་ཁྱོན་མུའུ་དུང་ཕྱུར12.01ལས་བརྒལ་བ་དེས་ལྗོངས་ཡོངས་ཀྱི་ས་ཞིང་ཁྱོན་ཡོངས་ཀྱི66.5%ཟིན་ཡོད། འདི་འདྲའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོན་ཁུངས་ནི་རྩ་ཆེ་བའི་རང་བྱུང་ཤུལ་བཞག་ཡིན་ལ། མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་སྲུང་སྐྱོང་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཀྱང་ཡིན།
ཉེ་བའི་ལོ་འགའི་རིང་། གནམ་གཤིས་འགྱུར་ལྡོག་གིས་ཐན་པ་དང་བྱེ་རླུང་གི་གནོད་འཚེ་ཇེ་དྲག་ཏུ་བཏང་སྟེ། རྩྭ་ཐང་ཞན་འགྱུར་གྱི་འཕེལ་རིམ་སྔར་བས་ཇེ་མགྱོགས་སུ་བཏང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་སུ30%ཡན་གྱི་རྩྭ་ཐང་དུ་ཚད་མི་འདྲ་བའི་ཞན་འགྱུར་བྱུང་ཡོད་པ་དང་། དེའི་ནང་གི་ས་ཁུལ་ཁ་ཤས་ཀྱི་རྩྭ་ཐང་གི་ཐོན་སྐྱེད་ནུས་པ་རྦད་དེ་ཤོར་ཡོད།
གསར་འགོད་པས་ཤེས་གསལ་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ཞན་འགྱུར་རྩྭ་ཐང་ཁུལ་གྱི་སྐྱེ་ཁམས་ཉམས་གསོར་འཕྲད་པའི་དཀའ་གནད་ཆེ་ཤོས་ནི་ཐན་པ་དང་གྲང་ངར་ཆེ་བ། ས་རྒྱུ་ཞན་པ། བྱེ་འདུས་ཚད་ཆེ་བ་བཅས་ཡིན་པས། ངེས་པར་དུ་རྩྭ་སོན་འདེམས་པ་དང་། འདེབས་ཚད། ཁ་གསབ་འདེབས་ཀྱི་ལག་རྩལ། ཁ་གསབ་འདེབས་ཀྱི་དུས་ཚོད་སོགས་ལྷུ་ཚིགས་ཚང་མའི་ཐད་ལག་བསྟར་ཁུལ་གྱི་རང་བྱུང་ཆ་རྐྱེན་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། “ལྷག་པར་དུ་སོན་འདེབས་ཀྱི་དུས་ཚོད་ཐད་ངེས་པར་དུ་རྣམ་གྲངས་ལག་བསྟར་ཁུལ་གྱི་ཞིང་ཕྱུགས་ལག་རྩལ་མི་སྣ་དང་གྲོང་ཚོའི་རྒན་རྒོན་དང་འབྲེལ་གཏུག་མང་བོ་བྱས་ཏེ། བཟོ་སྐྲུན་ཁུལ་ཚང་མར་ཆར་དུས་མ་སླེབས་པའི་སྔོན་ལ་སོན་འདེབས་བྱེད་དགོས། དེ་ལྟར་བྱས་ན་ད་གཟོད་ང་ཚོའི་ལེགས་གྲུབ་བྱུང་ཚད་འགན་ལེན་བྱེད་ཐུབ ”ཅེས་རྣམ་གྲངས་ཀྱི་འགན་འཁུར་བ་ཆུས་ཀོང་ཕེང་གིས་གསར་འགོད་པར་བཤད།
ཚན་རྩལ་གསར་གཏོད་ཀྱིས་རྩྭ་ཐང་སླར་གསོར་འགན་ལེན་བྱས་པ།
རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱེད་པར་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོང་འབྲོག་པ་ཟབ་ཞུགས་བྱེད་དགོས་པ་མ་ཟད། ཚན་རྩལ་གྱི་འདེགས་སྐྱོར་སྔར་བས་དགོས་མཁོ་ཆེ། རྣམ་གྲངས་དེས་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། སྔོན་ཐོན་གྱི་ལག་རྩལ་དང་བྱེད་ཐབས་ནང་འདྲེན་དང་ཁྱབ་གདལ་ཧུར་ཐག་བྱས་ནས་རྩྭ་ཐང་སླར་གསོ་བྱ་རྒྱུར་ཚན་རྩལ་གྱི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས།
རྣམ་གྲངས་དེ་རྩྭ་ཐང་ཞན་འགྱུར་གྱི་རིམ་པ་གསུམ་གཞིར་བཟུང་། ལག་རྩལ་ནང་འདྲེན་དང་གོ་བ་ལོན་པ། བསྐྱར་དུ་གསར་གཏོད་བཅས་བྱས་པ་བརྒྱུད་ཞན་འགྱུར་ཡང་པོ་དང་འབྲིང་གྲས་ཀྱི་རྩྭ་ཐང་དུ“བཀག་གསོ་དང་རྨོ་མི་དགོས་པར་ལུད་རྒྱག་པའི”ཉམས་གསོ་བྱེད་ཐབས་སྤྱད་ཡོད་པ་དང་། ཞན་འགྱུར་ཚབས་ཆེའི་རྩྭ་ཐང་དུ“བྱི་བའི་གནོད་འབུ་སྔོན་འགོག་དང་རྨོ་མི་དགོས་པར་གསབ་འདེབས་ལུད་རྒྱག་པ། ཕྱུགས་བསྐྱུར་རྩྭ་གསོ་སོགས་ཉམས་གསོ་དང་བཅོས་སྐྱོང་བྱེད་ཐབས་མི་འདྲ་བ་ལག་བསྟར་བྱས་ཡོད། ལོ2རིང་རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ལག་བསྟར་བྱ་ཡུལ་ཁག་གི་གཟན་རྩྭ་སྐྱེ་ཚུལ་སྔོན་དཔག་དམིགས་ཚད་དུ་སླེབས་ནས་ཕན་འབྲས་ཅུང་ལེགས་པོ་ཐོན་ཡོད།
དེ་དང་ཆབས་ཅིག་ཚན་རིག་ཞིབ་འཇུག་མི་སྣས་ཡུལ་དངོས་སུ་རྟོག་ཞིབ་དང་ཚོད་ལྟ་བྱས་པ་བརྒྱུད་གྲང་མཐོའི་ཁོར་ཡུག་དང་འཚམ་པའི་རྩྭ་རིགས་ཁག་གཅིག་གདམ་གསེས་བྱས་པ་དང་། རྩྭ་རིགས་དེ་དག་གནམ་གཤིས་ངན་པའི་ཆ་རྐྱེན་འོག་འཚོ་གནས་ཐུབ་པ་མ་ཟད། ད་དུང་ས་རྒྱུའི་གྲུབ་ཆ་ལེགས་བཅོས་ཀྱི་ནུས་པ་ལྡན་པ་དང་། ས་རྒྱུའི་སྐྱེ་ལྡན་དངོས་པོའི་འདུས་ཚད་མང་དུ་གཏོང་བ། ས་རྒྱུའི་གཤིན་ཚད་མཐོར་འདེགས་སུ་གཏོང་བ། སྔོ་ཁེབས་ཁེབས་ཚད་ཇེ་མང་དུ་གཏོང་བ། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་ཐུབ་པ་བཅས་སོ།
གཞན་ཡང་། རྩྭ་ཐང་གི་སྐྱེ་ཁམས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་སྔར་ལས་ལེགས་པོར་བྱ་ཆེད། རྣམ་གྲངས་དེའི་ནང་ད་དུང་ཞིབ་ཚད་མཐོ་བའི་ཚོར་འདྲེན་ཆས་དང་འཁོར་སྐར་རྒྱང་ཚོར་ལག་རྩལ་སྒྲིག་སྦྱོར་བྱས་པ་བརྒྱུད། ཚན་རིག་ཞིབ་འཇུག་མི་སྣས་རྩྭ་ཐང་གི་སྔོ་ཁེབས་ཁེབས་ཚད་དང་ས་རྒྱུའི་བརླན་ཚད། དྲོད་ཚད་སོགས་འགག་རྩའི་དམིགས་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཏེ། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས།
གནོད་འབུ་འགོག་བཅོས་བྱས་ནས་རྩྭ་ཐང་གི་སྐྱེ་སྟོབས་འཕེལ་བར་བྱས་པ།
རྣམ་གྲངས་ལག་བསྟར་གྱིས་ཉམས་གསོ་བཅོས་སྐྱོང་བྱས་པའི་མུའུ་ཁྲི31ནང་མཐོ་སྒང་གི་སྤུ་གཟེངས་འབུ་ཕྲུག་འགོག་བཅོས་མུའུ་ཁྲི15དང་མཐོ་སྒང་གི་བྱི་བ་དང་རི་བོང་འགོག་བཅོས་མུའུ་ཁྲི3.7ཡོད།
རྣམ་གྲངས་ལག་བསྟར་བྱས་མ་ཐག་གསོན་ཤུགས་དང་ཕན་འབྲས་ཆེན་པོ་མངོན་ཡོད། 2023ལོར་བོད་ལྗོངས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་གི་ཚོད་ལྟའི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི5ལེགས་འགྲུབ་བྱུང་ཡོད། རྩྭ་གསབ་འདེབས་ཁུལ་གྱི་མྱུ་གུ་འབུས་ཚད80%ཟིན་པ་དང་། ལོ་གཉིས་པར་དགུན་སྒྲོལ་ཐུབ་ཚད76.53%། སྔོ་ཁེབས་ཁྱབ་ཚད67.30%། རྩྭ་སོས་མ་ཐོན་ཚད་མུའུ་རེར་སྤྱི་རྒྱ180.54ནས་སྤྱི་རྒྱ647.51བར་ཡིན།
2024ལོར། འབད་བརྩོན་ཡང་ཡང་བྱས་ནས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་གི་དཔེ་སྟོན་རྒྱ་ཁྱོན་མུའུ་ཁྲི26ལེགས་འགྲུབ་ཟིན་པ། ལོ་དེར་རྨོ་འདེབས་མི་དགོས་པར་གསབ་འདེབས་ཁུལ་དུ་ལྗང་བུ་འབུས་ཚད75%ཟིན་པ་དང་སྔོ་ཁེབས་ཁྱབ་ཚད60%ཟིན་ཡོད། རྨོ་མི་དགོས་པར་ལུད་རྒྱག་ཁུལ་གྱི་སྔོ་ཁེབས་ཁྱབ་ཚད15%ཕྱིན་པ་དང་རྩྭ་ཐང་གི་སྤུ་གཟེངས་འབུ་ཕྲུག་གསོད་ཚད80%ཟིན་ཡོད།
“ས་རྒོད་སྤང་ལྗང་དུ་འགྱུར་བ”ནི་སྐྱེ་ཁམས་ཉམས་གསོའི་གོམ་པ་དང་པོ་ཙམ་ཡིན་པ་དང་། ཇི་ལྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ནི་བོད་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་གཏོད་བྱེད་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད། ད་ཡོད་རྩྭ་ཐང་སྐྱེ་ཁམས་ཁུལ་གྱི་ཕན་འབྲས་ཇི་ལྟར་བྱས་ནས་སྲུང་སྐྱོང་ཡག་པོ་བྱས་ཏེ་ཐེངས་གཉིས་པར་རྩྭ་ཐང་ཞན་འགྱུར་བྱུང་བར་འགོག་བཅོས་བྱེད་དགོས། ཆུས་ཀོང་ཕེང་གིས་འབྲེལ་ཡོད་ཞིབ་འཇུག་སྔར་བས་སྤེལ་ནས་དུས་བཅད་ལྟར་རྩྭ་ཐང་ལ་རྨོ་འདེབས་མི་དགོས་པར་ལུད་རྒྱག་པ་དང་། སྔོ་ལྗང་དུ་འགྱུར་བའི་དུས་སུ་ཕྱུགས་རིགས་འཚོ་མཚམས་འཇོག་པ། ཕྱུགས་འཚོ་བཀག་སྡོམ། རེས་སྐོར་ཕྱུགས་འཚོ་སོགས་ལག་བསྟར། ཕྱུགས་རིགས་ཀྱི་གྲུབ་ཆ་དང་ཕྱུགས་འཚོ་དོ་དམ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ། རྩྭ་ས་དང་ཕྱུགས་རིགས་དོ་མཉམ་ཡོང་བ་དང་། བོད་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བ་བཅས་བྱ་དགོས་ཞེས་བཤད། །
འཕྲིན་སྟེགས། weikangba