རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་སྒོས་གཏོད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པར་འབད་དགོས།

2025-01-03
248

པར་འདི་ནི་ལྷ་སའི་སྐྱིད་ཆུའི་ནང་རྩེད་འཇོ་རོལ་བའི་དུས་བྱ་རེད།

པར་འདི་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་སྟོན་དུས་ཀྱི་མཛེས་ལྗོངས་རེད།

པར་འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོའི་རྣམ་པ་རེད།

པར་འདི་ནི་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་གི་རླུང་ཤུགས་གློག་འདོན་འཕྲུལ་ཚན་རེད།

པར་འདི་ནི་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིའི་ཟུར་ཞིག་རེད། 

པར་འདི་ནི་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་ཀྱི་རྐྱང་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པས།  མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ལས་འགན་གལ་ཆེན་ཞིག་ཡིན།   2024ལོར། བོད་རང་སྐྱོང་ལྗོངས་ཏང་ཨུས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་དེ་མཚུངས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་ལ་མུ་མཐུད་ཤུགས་སྣོན་བརྒྱབ།   ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིར་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ནས་སྐྱེ་ཁམས་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་རགས་ཙམ་མངོན་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།  བྱེ་རླུང་འཚུབ་པའི་གནམ་གཤིས་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། གཙོད་ཀྱི་ཁྱུ་ཚོགས་ཁྲི30ལྷག་བར་ཇེ་མང་དུ་ཕྱིན་པ་དང་དཀོན་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་ཡོད།   ལྷ་ས་དང་ལྷོ་ཁ།  གཞིས་ཀ་རྩེ་བཅས་ཀྱིས“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་ཐོག་མར་སྐུལ་འདེད་བཏང་བ་དང་། བོད་ལྗོངས་ཀྱི་ནུས་ཁུངས་གཙང་མ་དང་གྲངས་འཛིན་དཔལ་འབྱོར་སོགས་ལྗང་མདོག་ཐཱན་ཉུང་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ཡོད།  

2024ལོར་བོད་ལྗོངས་ཀྱིས་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་གཞིར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།   ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་རི་ལྗང་བསྒྱུར་བཀོད་འདོམས་པུའུ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན།  2024ལོར་ལྷ་སའི་ལྷོ་བྱང་རིར་ནགས་སྐྲུན་མུའུ་ཁྲི10.17ལེགས་འགྲུབ་བྱུང་བ་དང་སྤྱིའི་གསོན་ཚད83%ཡན་ཟིན་ཡོད།   དེ་དང་ཆབས་ཅིག 2022ལོ་དང2023ལོར་ཁ་གསབ་འཛུགས་སྐྲུན་ལས་དོན་ལེགས་གྲུབ་བྱུང་བ་དང་། འདེབས་འཛུགས་ནགས་སྐྲུན་མུའུ་ཁྲི4.5ལེགས་པར་འགྲུབ་པ་དང་ནགས་སྐྲུན་མུའུ་ཁྲི4.42སྲ་བརྟན་དུ་བཏང་སྟེ། ལོ་མ་ཕྲ་རིགས་ཀྱི་ཤིང་སྡོང་དང་ལོ་མ་ཆེ་བའི་ལྗོན་ཤིང་གི་ཤིང་སྣ་འདྲེས་མ་དང་། སྡོང་རིང་དང་སྡོང་ཐུང་ཟུང་འབྲེལ་གྱི་ནགས་ཁུལ་སྒྲིག་གཞི་རགས་ཙམ་གྲུབ་ཡོད། འགན་སྲུང་རང་བཞིན་གྱི་སྡོང་ཕྲུག་ར་བ52བར་ཇེ་མང་དུ་ཕྱིན་པ་དང་རྒྱ་ཁྱོན་མུའུ་ཁྲི3.43ཟིན་ཡོད།  ད་ལྟ་རྒྱལ་རྩེའི་སྟར་བུ་དང་ཡོ་འབོག སྟར་ག སྦྱར་བ། སྒྲོན་ཤིང་། ཤིང་ག་བུར།  ཁམ་སྡོང་། ཚེར་ཅན་ཚོས་སེར་སྡོང་པོ་སོགས་ཤིང་ཕྲུག་རྐང་ཁྲི8000ཙམ་གསོག་འཇོག་བྱས་ཡོད་པས། 2025ལོའི་ནགས་སྐྲུན་དགོས་མཁོ་ཡོངས་སུ་སྐོང་ཐུབ། དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་གྱི་ཆུས་དང་རྫོང་ཁག་གིས་རྩ་འཛུགས་ཅན་གྱི་ངལ་ལས་ཕྱིར་གཏོང་ལ་ཁྲིད་སྟོན་དང་སྐུལ་ལྕག་ཧུར་ཐག་བྱས་ཏེ། མང་ཚོགས་མི་ཐེངས་ཁྲི250ལས་གཞིའི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་ནས་ཡོང་འབབ་སྒོར་དུང་ཕྱུར7ཙམ་འཕར་ཡོད།   ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་དུས་རིམ་གཉིས་པའི་ལས་གཞིའི་ནང་ནགས་སྐྲུན་མུའུ་ཁྲི27.07གསར་སྐྲུན་དང་ནགས་སྐྲུན་མུའུ་ཁྲི3.16སྲ་བརྟན་དུ་བཏང་བ། ཆུ་དང་གློག འགྲོ་ལམ་གྱི་ལས་གཞི་ཆ་ཚང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་ཚུགས་ཤིང་། ད་ལྟ་སྡོང་འཛུགས་ཀྱི་ཁུང་སྔོག་པ་དང་ཆུ་འདྲེན་ཡུར་བ་འདིང་བ།  གློག་གནོན་སྒྱུར་ཆས་སྒྲིག་སྦྱོར།  མཐོ་དམའ་གནོན་སྐུད་ལམ་དང་ར་བསྐོར་འཛུགས་པ་སོགས་ཀྱི་ལས་དོན་སྤེལ་ཡོད། འདི་དག་ཚང་མས2025ལོའི་ལྷ་སའི་ལྷོ་བྱང་རིའི་ལྗང་སྒྱུར་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད།   

2024ལོའི་ཟླ7པར། ཧྲན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུའུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནགས་ལས་རྩྭ་ཐང་ཅུའུ་ཡི་ཚན་རིག་ཞིབ་འཇུག་མི་སྣའི་གྲུབ་པའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་བྱང་ཐང་ས་ཁོངས་ནས་རང་རྒྱལ་གྱི་གཙོད་ཀྱི་ཕྲུ་གུ་སྐྱེས་ས་ཆེ་ཤོས་གཉིས་པ་རྙེད་པ་རེད། གསར་རྙེད་བྱུང་བ་འདིས་མཚོ་བོད་མཐོ་སྒང་གི་གཙོད་ཁྱབ་ཚུལ་དང་། ཕྲུ་གུ་སྐྱེ་ཡུལ། གནས་སྤོས་ལམ་ཐིག སྲུང་སྐྱོབ་དོ་དམ་བཅས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་མཚོན་ཡོད།   

2024ལོར། བོད་ལྗོངས་ཀྱིས་རྒྱལ་ཁབ་སྤྱི་གླིང་གཙོར་འཛིན་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། མིག་སྔར་བོད་ལྗོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ47དང་རྒྱལ་སྤྱིའི་བརླན་ས་གལ་ཆེན4། རྒྱལ་ཁབ་བརླན་ས་སྤྱི་གླིང22། རྒྱལ་ཁབ་ནགས་ཚལ་སྤྱི་གླིང9། ཡུལ་ལྗོངས་གྲགས་ཅན་ཁུལ16། རྒྱལ་ཁབ་ས་གཤིས་སྤྱི་གླིང3བཅས་བཙུགས་ཡོད།  ལྗོངས་ཡོངས་ཀྱི་གསུམ་ཆའི་གཅིག་ཡན་གྱི་རྒྱལ་ཁབ་ས་ཁོངས་དག་སྲུང་སྐྱོབ་ཁུལ་དང་གསར་སྤེལ་བཀག་འགོག་ཁུལ་དུ་གྱུར་ཡོད་ལ། བྷང་ག་ལའི་སྟག་རང་རྒྱལ་དུ་འཚོ་གནས་བྱ་ཡུལ་ཁོ་ནར་སྲུང་སྐྱོབ་བྱས་པ།  གཙོད་དང་ནོར་གནག ཁྲུང་ཁྲུང་སྐེ་ནག་བཅས་ཀྱི་འཚོ་གནས་དང་རྒྱུད་སྤེལ། དགུན་སྒྲོལ་བྱ་ཡུལ་ཆེ་ཤོས་ལ་སྲུང་སྐྱོབ་བྱས་ཏེ།  བོད་ལྗོངས་ཀྱི80%ཡན་གྱི་དཀོན་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་དངོས་རིགས་དང་། ཁྱབ་ཚུལ་ཁུལ། འཚོ་གནས་ཁུལ། དཔེ་མཚོན་སྐྱེ་ཁམས་མ་ལག་བཅས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད།   

བསྡོམས་རྩིས་བྱས་པ་ལྟར་ན།  བོད་ལྗོངས་ཀྱིས་ལོ་རེར་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི50ལྷག་མཁོ་འདོན་བྱས་པ་དང་།  རོང་འབྲོག་པ་ཁྲི226.22ཀྱིས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད་པ།  འཚོ་སྡོད་དང་ལས་གཏོད་ལ་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བས།  མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། ། 


  • 顶