སྒོར་ཁྲི་1000ཞལ་འདེབས་སུ་ཕུལ་བ་དང་རྒྱ་སྐར་འདི་ལ་མིང་བཏགས།

2023-07-14
346

༄༅།།སྒོར་ཁྲི་1000ཞལ་འདེབས་སུ་ཕུལ་བ་དང་རྒྱ་སྐར་འདི་ལ་མིང་བཏགས།

   ཚེས་10ཉིན་གྱི་སྔ་དྲོ། “‘སྐར་མ་ཧྥན་ཅིན་ཧྲི་’མིང་འདོགས་དང་། ཧྥན་ཅིན་ཧྲི་ཐེབས་རྩ་འཛུགས་པ། དེ་བཞིན་ཏུན་ཧོང་རིག་དངོས་བྱ་གཞག་གཉེར་ནས་ལོ་60འཁོར་བའི་བཞུགས་མོལ་ཚོགས་འདུ” ཀན་སུའུ་ཏུན་ཧོང་ཞིབ་འཇུག་གླིང་དུ་གཉེར་བ་རེད། རྒྱལ་སྤྱིའི་གནམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུ་སྐར་ཆུང་ངུའི་མིང་འདོགས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་གོ་ཚན་རིག་ཁང་ཙེ་ཅིན་ཧྲན་གནམ་རིག་ཁང་ནས་ཤེས་རྟོགས་བྱུང་བ་དང་། རྒྱལ་སྤྱིའི་ཨང་གྲངས་381323ཡིན་པའི་རྒྱུ་སྐར་ཆུང་བ་ལ་“སྐར་མ་ཧྥན་ཅིན་ཧྲི”ཞེས་མིང་བཏགས་པ་རེད། 
   ཚོགས་འདུའི་ཐོག ཧྥན་ཅིན་ཧྲི་ཡིས་ད་དུང་ཏུན་ཧོང་ཞིབ་འཇུག་གླིང་ལ་སྒོར་ཁྲི་1000ཞལ་འདེབས་སུ་ཕུལ་ནས། ཧྥན་ཅིན་ཧྲི་ཐེབས་རྩ་བཙུགས་ཏེ་ཏུན་ཧོང་བྲག་ཕུག་སྲུང་སྐྱོང་དང་། ཞིབ་འཇུག བྱ་གཞག་འཕེལ་རྒྱས་བཅས་ལ་སྐུལ་འདེད་དང་དེ་བཞིན་མཁོ་གལ་ཆེ་བའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་སྤྱོད་རྒྱུ་རེད།
   ཏུན་ཧོང་ཞིབ་འཇུག་གླིང་གི་ཡོན་ཀྲང་སུའུ་པོ་མིང་གིས་ངོ་སྤྲོད་བྱས་དོན། “381323”ཞེས་པར་གསལ་འགྲེལ་བྱས་ན། 38 ལོར་སྐུ་འཁྲུངས་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་བུད་མེད་འདིས་མི་ཚེ་1ལ་ཏུན་ཧོང་བྲག་ཕུག་སྲུང་ཞིང་། ཁྲང་ཧྲུའུ་ཧུང་དང་ཏོན་ཝུན་ཅེའི་རྗེས་སུ་ཏུན་ཧོང་ཞིབ་འཇུག་གླིང་གི་ཡོན་ཀྲང་3པ་ཡིན་པ་དང་།  རང་བྱུང་དང་སྤྱི་ཚོགས་ཚན་རིག་གི་ཁྱབ་ཁོངས་ཆེན་པོ་2བརྒལ་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ཞིབ་འཇུག དར་སྤེལ་བཅས་ཕྱོགས་3 གྱི་ཐད་མཛད་རྗེས་བླ་ན་མེད་པ་བཞག་ཡོད། 
   ཧྥན་ཅིན་ཧྲི་ནི་ཏུན་ཧོང་ཞིབ་འཇུག་གླིང་གི་མཚན་འཛིན་ཡོན་ཀྲང་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཡིན་པས། “རིག་དངོས་སྲུང་སྐྱོང་གི་བྱས་རྗེས་འཇོག་མཁན་ཕུལ་བྱུང་ཅན”གྱི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། མི་རྣམས་ཀྱིས་རྒྱུན་དུ་མོ་རང་ལ“ཏུན་ཧོང་གི་བུ་མོ”ཞེས་འབོད།
   1963ལོར། པེ་ཅིན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་གནའ་རྫས་རྟོག་ཞིབ་ཆེད་ལས་ནས་མཐར་ཕྱིན་རྗེས། ཧྥན་ཅིན་ཧྲི་ཏུན་ཧོང་ཞིབ་འཇུག་གླིང་དུ་ལས་ཀ་བྱས་ནས་ད་བར་ལོ་ངོ་60འགོར། ལོ་60ཡི་རིང་། ཧྥན་ཅིན་ཧྲི་ཡིས་སེམས་ཤུགས་ཡོད་རྒུས་ཏུན་ཧོང་རིག་དངོས་སྲུང་སྐྱོང་གི་བྱ་གཞག་ནང་ཞུགས་པ་དང་། མའོ་ཀའོ་བྲག་ཕུག་གི་བྲག་ཕུག་ཚང་མར་འགྲིམས་ནས། ལྡེབས་རིས་རེ་རེ་བཞིན་ཡིད་ལ་བཟུང་ཡོད། ཏུན་ཧོང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་། ཞིབ་འཇུག དར་སྤེལ། དོ་དམ་བཅས་ཀྱི་ལས་དོན་དེ་ཚེ་གང་གི་བྱ་གཞག་ལ་བརྩིས།
   1987ལོར། མའོ་ཀའོ་བྲག་ཕུག་ནི་རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་ཁག་དང་པོའི་གྲས་སུ་འགོད་རྒྱུའི་ཆོག་མཆན་སྤྲད་པ་དང་། ཤུལ་བཞག་རེ་ཞུའི་ཡི་གེ་ཚང་མ་ཧྥན་ཅིན་ཧྲི་ཡིས་བྲིས་པ་རེད། ཕྱིས་སུ་མོ་རང་གིས་སྐུལ་འདེད་ལ་བརྟེན་སྲུང་སྐྱོང་སྲོལ་ཡིག་དང་སྲུང་སྐྱོང་འཆར་འགོད་རབ་དང་རིམ་པ་བཏོན།
   ཏུན་ཧོང་བྲག་ཕུག་གི་རིག་དངོས་ཆ་འཕྲིན་དུས་གཏན་དུ་ཉར་ཚགས་དང་རྒྱུན་མཐུད་བེད་སྤྱོད་བྱ་ཆེད། ཧྥན་ཅིན་ཧྲི་ཡིས་རུ་ཁག་གི་སྣེ་ཁྲིད་དེ་མ་ལག་ལྡན་པའི“གྲངས་འཛིན་ཏུན་ཧོང་”ཐོན་ཁུངས་མཛོད་བཙུགས་པ་དང་། ཏུན་ཧོང་རིག་གནས་དང་སྒྱུ་རྩལ་དངོས་འབྲེལ་བྲག་ཕུག་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་བསྐྱོད།
   ལས་གྲྭ་ཆེན་པོ་དེ་དག་དོན་འཁྱོལ་བྱུང་སྐབས། ཧྥན་ཅིན་ཧྲི་དགུང་ལོ་80ཙམ་ལ་ཟིན་པ་དང་། དུས་རབས་ཕྱེད་ཀ་ལྷག་ལ་དཀའ་ལས་ཆེན་པོ་གནང་ནས། ཏུན་ཧོང་གི་དོན་དུ་ནུས་ཤུགས་ཡོད་ཚད་འབུལ་བ་རེད།
   ད་ལོའི་ཟླ་5པར། ཧྥན་ཅིན་ཧྲི་ཡིས་པེ་ཅིང་སློབ་ཆེན་ལ་མི་དམངས་ཤོག་སྒོར་ཁྲི་ཆིག་སྟོང་གི་ཞལ་འདེབས་ཕུལ་བ་དང་། ཧྥན་ཅིན་ཧྲི་སློབ་གསོའི་ཐེབས་རྩ་བཙུགས་ནས་པེ་ཅིང་སློབ་ཆེན་གྱི་ཏུན་ཧོང་རིག་པའི་ཞིབ་འཇུག་ལ་རྒྱབ་སྐྱོར་གནང་ཡོད། མ་དངུལ་སྒོར་ཁྲི་1000དེའི་ནང་2019ལོར་ཧྥན་ཅིན་ཧྲིར་ཐོབ་པའི“ལུའི་ཀྲི་ཧོ་བྱ་དགའ-འཛམ་གླིང་ཤེས་དཔལ་བྱ་དགའ”ཡི་དྲང་ནུས་བྱ་དགའི་དངུལ་ཚུད་ཡོད་པ་མ་ཟད། 2020ལོར་ཐོབ་པའི“ཧོ་ལེའང་ཧོ་ལིའི་ཚན་རིག་ལག་རྩལ་གྲུབ་འབྲས་བྱ་དགའ”ཏེ་ཤང་ཀང་གི་སྒོར་མོ་ཁྲི་100ཡོད་པ་རེད།
   དེའི་རྨང་གཞིའི་ཐོག ཧྥན་ཅིན་ཧྲི་ཡིས་ཐེབས་རྩའི་མ་དངུལ་སྒོར་ཁྲི་1000ཟིན་རྒྱུའི་ཆེད་དུ་སླར་ཡང་རང་ཉིད་ཀྱིས་ལོ་མང་རིང་བསགས་པའི་གསོག་དངུལ་ཞལ་འདེབས་ཕུལ་ཡོད། 
    ཧྥན་ཅིན་ཧྲི་ཡིས“ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་གང་ལ་མངགས་ན་ང་ཚོ་དེར་འགྲོ་རྒྱུ”ཞེས་དམ་བཅའ་བཞག་པ་དེ་ཁ་དན་ཚིག་ལ་གནས་པའི་དོན་དུ་མི་ཚེ་གང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས་ཏུན་ཧོང་གི་ཉམས་འགྱུར་རྟག་ཏུ་བརྟན་པར་བཅུག་ཡོད། 
  • 顶