ས་དེའི་ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐ་ཧྲི་ཀན་དུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་དང་གྲོས་མོལ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ10པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཐ་ཧྲི་ཀན་དུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་དང་གྲོས་མོལ་གནང་།
ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་གཉིས་ཀྱིས་ད་ལོའི་ཟླ་བརྒྱད་པར་ཞལ་འཛོམས་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་སྔར་ལས་གསལ་བོ་བསྟན། སང་ལོ་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར35ལོན་པའི་ལོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འདི་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ཏེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་ཕན་པ་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ནུས་ཁུངས་ཐོན་ཁུངས་དང་། མི་ཐབས་རིག་ནུས། དེང་རབས་ཞིང་ལས་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་དངུལ་རྩ་སོགས་ཀྱི་ཕན་ཚུན་སྦྲེལ་མཐུད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། གྲུབ་འབྲས་སྔར་ལས་མང་པོ་ལེན་པར་འབད་འཐབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཁྱད་ལྡན་ཚོང་ཟོག་ནང་འདྲེན་བྱས་ནས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་ཚོགས་སོགས་ཀྱི་སྟེགས་བུ་བེད་སྤྱོད་གང་ལེགས་བྱ་རྒྱུར་དགའ་བསུ་ཞུ་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་ཚུལ་རིག་གནས་སྤེལ་རེས་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་དང་མཛའ་མཐུན་ཡོང་བར་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་རྐྱེན་སྲོལ་མཐུན་སྦྱོར་མཉམ་ལས་དམ་ཟབ་བཏང་སྟེ། ཕྱོགས་སོ་སོས་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་མཉམ་དུ་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།
ཨ་ལི་པོ་ཧྥུའུ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་སྣེ་ཁྲིད་འོག ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ནུས་ཤུགས་ཡོད་རྒུས་ཀྲུང་གོ་དང་ཅི་འར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་སོགས"རྒྱུད་གཅིག་ལམ་གཅིག"གི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཉོ་ཚོང་གི་དངུལ་གཏོང་དང་། ཞིང་ལས། ནུས་ཁུངས་གཏེར་ཁ་དང་། སྒོ་ཁྲལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཡུལ་སྐོར་དང་། སློབ་གསོ། ས་གནས་སོགས་ཀྱི་ཁྱབ་ཁོངས་སྤེལ་རེས་ལ་ཤུགས་བསྣན་ཏེ། ཕྱོགས་མང་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་མ་བྱས་གོང་། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ཀྱི་བརྙན་རིས་ལ་གཟིགས་ཞིབ་གནང་།
གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། སློབ་གསོ། སྒོ་ཁྲལ། འཕྲོད་བསྟེན། དབུལ་འཕྲི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་ཐུན་མོང་གིས་མཚན་རྟགས་བཀོད། འཚམས་འདྲི་གནང་སྐབས། ཕྱོགས་གཉིས་ཀྱིས་ད་དུང་གློག་རྡུལ་ཚོང་དོན་དང་། གནམ་གཤིས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མཚན་རྟགས་བཀོད།
ཉིན་དེའི་ཕྱི་དྲོར། ལི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་རང་བཙན་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།
ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ཞུགས་པ་རེད། །
འཕྲིན་སྟེགས། weikangba