མཚོ་སྔོན་ན་གོར་མོའི་ཧུའུ་དབྱང་ནགས་རའི་འབྱུང་ཁམས་ལེགས་སུ་ཕྱིན་པ།

2026-10-21
454

    གསར་འགོད་པ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གྱི་ཧུའུ་དབྱང་ནགས་ར་རང་བྱུང་སྲུང་སྐྱོང་ཁུལ་དུ་འབྱོར་སྐབས། བྱེ་ཐང་ཁྲོད་ཀྱི་སྡོང་ལོ་སེར་པོའི་ལྗོན་ཤིང་གི་ཚལ་དང་བློ་རྩ་བརྟན་པའི་ཁོར་སྲུང་བ་ཚོ་མིག་ལམ་དུ་འཆར་བྱུང་།


    ཤེས་རྟོགས་བྱུང་བ་ལྟར་ན། ན་གོར་མོའི་ཧུའུ་དབྱང་ནགས་ར་རང་བྱུང་སྲུང་སྐྱོང་ཁུལ་འདི་ནི་འབྱུང་ཁམས་ནུས་པའི་ཁུལ་གལ་ཆེན་ཞིག་དང་གྲོང་ཁྱེར་གྱི་རང་བྱུང་འབྱུང་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྦྱར་པའི་ནགས་ཚལ་ཞིག་ཡིན་པའི་ཆ་ནས་ལོ་མང་རིང་བཀག་སྡོམ་དང་དོ་དམ་སྲུང་སྐྱོང་བྱས་པ་བརྒྱུད་འབྱུང་ཁམས་སླར་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།


    ཁོང་ཚོས་ཉིན་ཐོག་ཟླ་བརྩེགས་ཀྱིས་ནགས་ར་སྲུང་པས་བྱེ་མའི་རྒྱ་ཁྱོན་ཇེ་ཆུང་དུ་ཕྱིན་ཅིང་སྦྱར་པའི་ཁེབས་ཚད་ཇེ་ཆེར་ཕྱིན་ནས། བྱ་རིགས་དང་ཤིང་སྣ་མང་དུ་འགྲོ་བའི་གཏམ་བཟང་ཡང་སེ་གྲགས། དེའི་ཐད་མཚོ་སྔོན་ཞིང་ཆེན་ན་གོར་མོ་ཧུའུ་དབྱང་ནགས་ར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ། ཧན་ཡུང་ལུང་གིས། ན་གོར་མོའི་ཧུའུ་དབྱང་ནགས་ར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་འདི་2000ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་བཙུགས་པ་དང་། 2002ལོར་གྲོང་ཁྱེར་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ནས་ཧུའུ་དབྱང་ནགས་རའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་བཙུགས་པ་རེད། ང་ཚོའི་ནགས་རའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་4200དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ་6ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ་7བཅས་ཡོད་ཅིང་། ལྟེ་བའི་ཁུལ་གྱི་སྲུང་སྐྱོང་བྱ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་525དང་སྤྱིར་བཏང་གི་ཚོད་འཛིན་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ཆིང་3675ཡོད། སྲུང་སྐྱོང་ཁུལ་དུ་བྱེས་སྐྱེས་སྲོག་ཆགས་རིགས་102དང་རྩི་ཤིང་སྣ་རིགས་88ཡོད་ཅེས་གསུངས་པ་རེད།


ཧུའུ་དབྱང་ནགས་ར་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་གཞོན་པ། ཧན་ཡུང་ལུང་།

    གསར་འགོད་པས་ཁོང་ཚོའི་དུས་རྒྱུན་གྱི་ལས་ཀའི་གནས་ཚུལ་ཐད་བཀའ་འདྲི་ཞུ་སྐབས། ན་གོར་མོའི་ཧུའུ་དབྱང་ནགས་ར་དོ་དམ་ས་ཚིགས་ཀྱི་སྐོར་སྲུང་པ་རྒྱ་མཚོས། ང་ཚོའི་ཉིན་གཅིག་གི་ལས་ཀ་གཙོ་བོ་ནི་རྩྭ་ཐང་དུ་སྐོར་ཞིབ་བྱས་ཏེ་མེ་སྐྱོན་སྔོན་འགོག་དང་བྱེས་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་། ཤིང་བཅད་ཡོད་མེད་ལྟ་རྒྱུ་དེ་ཡིན་གསུངས་པ་རེད།


ཧུའུ་དབྱང་ནགས་ར་དོ་དམ་ས་ཚིགས་ཀྱི་སྐོར་སྲུང་པ་རྒྱ་མཚོ།


    2017ལོར་བཀག་སྡོམ་དང་དོ་དམ་སྲུང་སྐྱོང་བྱ་ཐབས་ལག་ལེན་བསྟར་བ་ནས་བཟུང་། སྲུང་སྐྱོང་ཁུལ་གྱི་འབྱུང་ཁམས་སླར་གསོའི་ལས་དོན་ཐད་བྱ་ཐབས་མང་པོ་མཉམ་དུ་བཟུང་བ་དང་རྒྱུན་ཆད་མེད་པར་འབད་བརྩོན་བྱས་པར་བརྟེན་དེ་སྔའི་སྔོ་ཁེབས་ཞན་འགྱུར་གྱི་བྱེ་ཐང་ནགས་ས་རིམ་བཞིན་སླར་གསོ་བྱུང་ནས། ས་ཞིང་བྱེ་འགྱུར་དང་སྔོ་ཁེབས་ཉམས་ཞན་དུ་འགྲོ་བའི་རྣམ་པ་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་དང་། སྦྱར་ཤིང་གཅིག་སྡུད་ཐོག་སྐྱེ་འཚར་གྱི་ས་ཁོངས་རྒྱ་ཁྱོན་དེ་སྲུང་སྐྱོང་ཁུལ་འཛུགས་སྐབས་ཀྱི་སྤྱི་ཆིང་7.9ནས་ད་ཆའི་སྤྱི་ཆིང་26.77བར་འཕར་བས། ཐང་རྒོད་འབྱུང་ཁམས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།


ཧུའུ་དབྱང་ནགས་ར་དོ་དམ་ས་ཚིགས་ཀྱི་སྐོར་སྲུང་པ་ཀྲོའུ་ཞུའེ་ཀྲུའུ།


  • 顶