ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐ་ཇིག་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙུའོ་ཏ་ཡི་གདན་ཞུ་ལྟར། ས་དེའི་ཚེས18ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གནམ་གྲུར་བཞུགས་ནས་ཏུའུ་ཧྲང་པེ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས། ཐ་ཇིག་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཛད་པ་མ་ཟད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་སྲིད་གཞུང་གི་གཙོ་འཛིན(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་ལྔ་པར་ཞུགས་རྒྱུ་རེད། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་ཁང་གི་དྲུང་ཡིག་ཆེན་མོ་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུར་བསྡད་དེ་མཉམ་དུ་འབྱོར།
ལཱ་སུའུ་ཨར་ཙུའོ་ཏ་ཡིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་གནམ་གྲུ་ཐང་དུ་ཕེབས་བསུ་བྱས་པ་མ་ཟད་ལི་ཆང་ལ་དགའ་བསུའི་མཛད་སྒོ་བསྡུས། ལི་ཆང་གིས་ལཱ་སུའུ་ཨར་ཙུའོ་ཏ་ཡི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད། ཐ་ཇིག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་པ་ཆེན་མོ་ཀའོ་ཀྲི་ཅུན་ཡང་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་བསུ་མ་གནང་།
ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཐ་ཇིག་སི་ཐན་ནི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། སྤུན་ཟླ་བཟང་བོ་བཅས་ཡིན། ཉེ་བའི་ལོ་འགའི་རིང་། ཀྲུང་ཐ་བར་གྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཡོད། ད་ལོའི་ཟླ་ལྔ་པར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་པེ་ཅིང་དུ་ཞལ་འཛོམས་གྲོས་མོལ་གནང་ནས། ཀྲུང་ཐ་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་འཆར་འགོད་གནང་། ཀྲུང་ཕྱོགས་ཀྱིས་ཐ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་ལྷག་པར་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དར་རྒྱས་ལ་མཉམ་དུ་སྐུལ་སྤེལ་བཏང་ནས། ཀྲུང་ཐའི་མི་དམངས་ལ་སྔར་ལས་ཕན་བདེ་བསྐྲུན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱོགས་སོ་སོ་དང་མཉམ་དུ་འགྲོ་ལམ་གཅིག་བྱས་ནས། པིས་ཧྲི་ཁའེ་ཁི་ཡི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་དང་། འཚོག་ལ་ཉེ་བའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཙུང་ལིའི་ཚོགས་འདུ་བདེ་བླག་ངང་འགྲུབ་པར་སྐུལ་འདེད་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་སྤེལ་བཏང་ནས། ས་ཁུལ་སོ་སོ་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད།
ལི་ཆང་གིས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངོས་གཞིའི་འཚམས་འདྲི་གནང་ནས་མཇུག་བསྒྲིལ་རྗེས་ཏུའུ་ཧྲང་པེ་རུ་བསྐྱོད། ཐ་ཧྲི་ཀན་དང་ཁ་འབྲལ་སྐབས། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ལི་ཨ་ལི་པོ་ཧྥུའུ་དང་ཝུའུ་ཙི་པེ་ཁི་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཡུས་ཅོན་སོགས་ཀྱིས་གནམ་གྲུ་ཐང་དུ་སྐྱེལ་མ་བྱས། །
འཕྲིན་སྟེགས། weikangba