ཟླ10པའི་ཚེས13ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་། ཏི་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྟོག་ཞིབ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཟླ10པའི་ཚེས13ཉིན་ནས་ཚེས16ཉིན་བར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་། ཏི་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་ཀྱི་འཕེལ་རྒྱས་མངོན་འགྱུར་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སེམས་ཤུགས་གཅིག་སྒྲིལ་བྱེད་པར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བ། མ་ལག་ལྡན་པའི་སྒོ་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་པའི་ལས་དོན་དམ་འཛིན་ནན་མོ་བྱས་ཏེ། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
ཟླ10པའི་ཚེས13ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དང་། ཏི་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྟོག་ཞིབ་གནང་།
ཝང་ཧུའུ་ཉིང་སློབ་གྲྭ་ཆེ་འབྲིང་དང་། སྲང་ལམ་སྡེ་ཁུལ། རིག་གནས་དངོས་མང་འགྲེམ་ཁང་སོགས་སུ་ཕེབས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པའི་ཞིབ་འཇུག་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། མི་རིགས་ས་ཁུལ་གྱི་སློབ་གསོའི་རོགས་སྐྲུན་རོགས་ལས་དང་རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་བྱ་བར་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པའི་གཙོ་ཐིག་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས་ལ། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་པ་དང་། ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་སྤེལ་བྱས་ནས། མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་འགན་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལག་བསྟར་སྐུལ་འདེད་བཏང་སྟེ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་རྒྱབ་སྐྱོར་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི“ཁས་ལེན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་བསྐྱེད་དགོས།
ཝང་ཧུའུ་ཉིང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་འཚམས་འདྲིར་ཕེབས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། རང་རྒྱལ་གྱི་ཆོས་ལུགས་འདི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་བཏང་ནས། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས།
ཝང་ཧུའུ་ཉིང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་སྲིད་གྲོས་བྱ་བར་རྟོག་ཞིབ་གནང་བ་མ་ཟད། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་། ཁོང་གིས་བསྟན་དོན། ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་དང་། “གོང་བུར་འགྲིལ་བ་བཞི”ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས།
རྟོག་ཞིབ་སྐབས་སུ། ཝང་ཧུའུ་ཉིང་ད་དུང་ཐེན་ཧྥུའུ་ཁུལ་གསར་དང་འབྲེལ་ཡོད་ཚན་ཞིབ་ལས་ཁུངས། ཐའེ་ཝན་གྱི་དངུལ་གཏོང་ཁེ་ལས་སོགས་སུ་རྟོག་ཞིབ་གནང་བར་ཕེབས།
ལི་ཀན་ཅེ་ཡིས་མཉམ་དུ་རྟོག་ཞིབ་བྱས། །
འཕྲིན་སྟེགས། weikangba