ཟླ10པའི་ཚེས16ཉིན། 2026ལོའི་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་ཐེན་ཅིན་དུ་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི་འཛམ་གླིང་ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་ཚོགས་ཆེན་ཚེས16ཉིན་ཐེན་ཅིན་དུ་ཚོགས་མགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཏིང་ཞུའེ་ཞང་གིས་བསྟན་དོན། ལས་རིགས་སློབ་གསོ་ནི་བྱང་ཚད་མཐོ་བའི་རྩལ་ནུས་འཇོན་མི་གསོ་སྐྱོང་བྱེད་པའི་རྨང་གཞིའི་བཟོ་སྐྲུན་ཅིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལས་རིགས་སློབ་གསོ་དང་དཀྱུས་མའི་སློབ་གསོ་མཉམ་འདྲེས། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་སྡེ་ཁག་བཙུགས་ཏེ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་། བཟོ་རྩལ་པ། རྩལ་ནུས་ཆེ་བའི་འཇོན་མི་བཅས་གསོ་སྐྱོང་ཤུགས་ཆེན་བྱ་དགོས། ལོ་འདི་དག་གི་རིང་ལ། ཀྲུང་གོས་དེང་རབས་ལས་རིགས་སློབ་གསོའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ན་གཞོན་འཚར་ལོངས་དང་འཇོན་ཐང་ཅན་དུ་འགྱུར་བའི་ལམ་བུ་ཇེ་ཡངས་སུ་བཏང་། ཐོན་ལས་འཕེལ་རྒྱས་ཀྱི་འཇོན་མིའི་འདེགས་སྐྱོར་ཇེ་བརྟན་དུ་བཏང་ལ། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་རྣམ་པ་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་སྐུལ་འདེད་བཏང་།
ཏིང་ཞུའེ་ཞང་གིས་འཛམ་གླིང་ལས་རིགས་སློབ་གསོའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་ཚད་གཞི་མཉམ་འཛུགས་ཀྱིས་སྒོ་འབྱེད་མཉམ་ལས་ལ་སྣེ་ཁྲིད་དང་། སྲིད་ཇུས་མཐུན་སྦྱོར་དང་སྒྲིག་སྲོལ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་ཁྲིད་དང་དངོས་སྦྱོང་། དགེ་རྒན་གྱི་དཔུང་སྡེ། དཔྱད་འཇོག་སོགས་ཀྱི་ཚད་གཞི་མཉམ་དུ་འཐུས་ཚང་དུ་གཏོང་བ་དང་། རྩལ་ནུས་ཐོན་ཁུངས་རྒྱལ་ཁོངས་ལས་བརྒལ་ནས་འཁོར་སྐྱོད་དང་། ཆོད་ཆེའི་བཀོད་སྒྲིག་བྱེད་པར་སྐུལ་སྤེལ་གཏོང་དགོས། གཉིས་ནི་འཕོ་འགྱུར་གསར་གཏོད་ལ་བརྟེན་ནས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། གྲངས་རིག་ལག་རྩལ་དང་ལྗང་མདོག་ལག་རྩལ་སོགས་ལག་རྩལ་གསར་པ་དང་ལས་རིགས་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་ཐུབ་པའི་རྩལ་ནུས་མཐོ་བའི་འཇོན་མི་སྐྱེད་སྲིང་བྱ་དགོས། གསུམ་ནི་དྲང་སྙོམས་དང་དཀྱེལ་ཡངས་ཀྱི་སྒོ་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས། དར་རྒྱས་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ལ་རོགས་རམ་བྱེད་ཤུགས་ཆེ་རུ་བཏང་ནས། གཞོན་ནུ་སྔར་ལས་མང་པོ་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བར་བྱ་དགོས། བཞི་ནི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་མཛའ་མཐུན་གྱི་སྦྲེལ་ཐག་དམ་པོར་འཛིན་དགོས། རྩལ་ནུས་གསོ་སྦྱོང་དང་ཁྱབ་སྤེལ་ཁྲོད་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཁག་གི་དམངས་སེམས་གཅིག་མཐུན་ཡོང་བར་བྱ་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་མུན་ཨར་འགོ་རྩོམ་མཛད་སྒོར་ཞུགས། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་དང་པོ་ཀྲ་ཞིས་ཏི་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཐ་འར་ཧ་གཉིས་ཀྱིས་ཡུལ་དངོས་སམ་བརྙན་ལམ་ནས་ཤིས་ཚིག་ཕུལ།
མགོ་རྩོམ་མཛད་སྒོའི་སྔོན་ལ། ཏིང་ཞུའེ་ཞང་གིས་ཀྲུང་གོའི་ལས་རིགས་སློབ་གསོའི་ཆེད་དོན་འགྲེམ་སྟོན་ལ་གཟིགས་སྐོར་གནང་།

ཟླ10པའི་ཚེས15ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིང་དུ་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་དང་ཀྲ་ཞིས་ཏི་དང་ཐུག་འཕྲད་གནང་།
ཚེས15ཉིན་གྱི་སྔ་དྲོར། ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ཀྲ་ཞིས་ཏི་དང་ཐུག་འཕྲད་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་ཚན་རྩལ་མཐོ་གྲས། ཞིང་ལས། ལས་རིགས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། ཆུ་ཚད་མཐོ་བའི་འཐབ་ཇུས་རང་བཞིན་གྱི་ཀྲུང་མ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད། ཀྲ་ཞིས་ཏི་ཡིས་བསྟན་དོན། མ་ལེ་ཞི་ཡ་ཕྱོགས་ཀྱིས་མ་ལེ་ཞི་ཡ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། མ་ལེ་ཞི་ཡ་དང་ཀྲུང་གོའི་བར་གྱི་མཛའ་བརྩེ་སྐུལ་སྤེལ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྔར་ལས་འབྲེལ་མཐུད་ལེགས་པོ་བྱས་ཏེ་གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་པོ་འཐོབ་པར་འབད་བརྩོན་བྱ་རྒྱུ་ཡིན། །
འཕྲིན་སྟེགས། weikangba