ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ10འགོར་རྗེས། རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཡང་བསྐྱར་ཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རིམ་ལོན་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ལ་དོ་སྣང་ཆེན་པོ་བྱས། ཚང་མས་བསྟན་དོན། སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དགེ་མཚན་དར་སྤེལ་དང་། རྨང་གཞི་སྲ་བརྟན་དུ་གཏོང་བ། ཞན་ཆ་ཁ་གསབ། ཉམས་ཞན་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་ལ། རྒྱུན་མཐུད་ངང་ཤུགས་འདོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་མི་དམངས་ཀྱི་བདེ་ཐང་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་གཏོང་དགོས།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི2035ལོར་སླེབས་དུས་བདེ་ཐང་ཀྲུང་གོའི་དམིགས་འབེན་ལེགས་འགྲུབ་བྱེད་པའི་གནད་འགག་གི་དུས་སྐབས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོས་འཛུགས་སྐྲུན་བྱེད་དགོས་པའི་བདེ་ཐང་ཀྲུང་གོ་ནི། དོ་སྙོམས་ཀུན་ཕན་དང་སྤུས་ལེགས་ཆོད་ཆེའི་བདེ་ཐང་ཀྲུང་གོ་ཡིན་པས། བདེ་ཐང་དོ་དམ་གྱི་ནུས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ། སྨན་བཅོས་ཞབས་ཞུའི་ནུས་པ། སྨན་བཅོས་འགན་བཅོལ་གྱི་འདེགས་སྐྱོར་ནུས་པ། སྨན་རྫས་གསར་གཏོད་ནུས་པ། འཇོན་མི་གསོ་སྐྱོང་གི་ནུས་པ་བཅས་ཆེན་པོ་ལྡན་དགོས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཏང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་འཕེལ་རྒྱས་ཆོས་ཉིད་ཀྱི་ངོས་ཟིན་མཐོ་ཚད་གསར་པ་ཞིག་ཏུ་མཐོ་རུ་བཏང་ནས། བདེ་ཐང་ཀྲུང་གོའི་འཛུགས་སྐྲུན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་འདོན་སྤྲོད་བྱས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འཕྲོད་བསྟེན་དང་བདེ་ཐང་ལས་དོན་ལ་སྤྱི་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་པ་ལྡན་པས། ངེས་པར་དུ་བདེ་ཐང་སྔོན་འགྲོའི་འཕེལ་རྒྱས་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས། ཁོང་གིས་ནན་གྱིས་བསྟན་དོན། “སྔོན་འགོག་ནི་ཆེས་གྲོན་ཆུང་དང་ཆེས་ནུས་ལྡན་གྱི་བདེ་ཐང་ཐབས་ཇུས་ཤིག་ཡིན། འཕྲོད་བསྟེན་དང་བདེ་ཐང་གི་རྨང་གཞིའི་རང་བཞིན་དང་འབྱུང་རྩ་རང་བཞིན་གྱི་བྱ་བ་སོ་སོ་དམ་འཛིན་ཞིབ་ཚགས་བྱས་ནས། དམངས་ཡོངས་ཀྱི་བདེ་ཐང་གི་གཞི་རྩ་ཇེ་བརྟན་དུ་གཏོང་དགོས། ཚང་མས་བསྟན་དོན། བདེ་ཐང་སྔོན་འགྲོ་དོན་ཐོག་ཏུ་འཁྱོལ་བ་དང་། སྔོན་འགོག་གཙོ་བྱེད་པ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ཕྱོགས་ཡོངས་ནས་བསྲུང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྨན་བཅོས་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་རྒྱུ་ནི་བདེ་ཐང་ཀྲུང་གོ་བསྐྲུན་པའི་གཙོ་གནད་ལས་འགན་ཞིག་ཡིན། སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་གཞི་ལག་བསྟར་ཟབ་མོ་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་བྱེད་ནུས་གཏན་གནས་དང་གྲུབ་ཚུལ་བཀོད་སྒྲིག་ལེགས་སྒྱུར་བྱེད་པ་དང་། རིམ་དགར་ནད་བརྟག་སྨན་བཅོས་ལ་སྐུལ་སྤེལ་བཏང་སྟེ། མང་ཚོགས་ཀྱིས་ཉེ་སར་ནད་སྟོན་ཐུབ་པ་དང་ནད་དྲག་ཐུབ་པར་བྱ་དགོས། ཚང་མས་བསྟན་དོན། འཕྲོད་བསྟེན་དང་བདེ་ཐང་གི་གནད་དོན་དང་འགག་རྩར་དམིགས་ནས། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་ལས་དོན་གཙོ་བོར་བཟུང་ནས་དམ་འཛིན་ལེགས་པོ་བྱས་ཏེ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་ཁྱིམ་ཚང་ཁྲི་མ་འབུམ་ལ་ཕན་ཐོགས་བསྐྲུན་དགོས། །
འཕྲིན་སྟེགས། weikangba