ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོགས་འདུ་སྐབས140པར་ཤིས་འཕྲིན་སྤྲིངས་པ།

2026-10-16
261

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོགས་འདུ(ཀོང་ཀྲོའུ་ཚོང་འདུས)སྐབས140པར་ཤིས་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀོང་ཀྲོའུ་ཚོང་འདུས་དབུ་བརྙེས་ནས་ལོ་འཁོར70འགོར་བའི་རིང་། ཀྲུང་ཕྱིའི་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་པ་དང་། དེ་ནི་རང་རྒྱལ་གྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་སྐྱེད་པ་དང་སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པའི་སྟེགས་བུ་ནུས་ལྡན་ཞིག་ཏུ་གྱུར་ཡོད། དུས་བབ་གསར་པའི་འོག་ཏུ། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་ལག་གདང་སྦྲེལ་ཏེ། ཕྱོགས་མང་ཚོང་དོན་སྒྲིག་གཞི་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་བརྟན་བརླིང་ཡོང་བར་འགན་ལེན་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། ཀུན་ཕན་ཁོག་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་འཕེལ་རྒྱས་དར་རྒྱས་ཡོང་ཆེད་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་འདོད་ཡོད། 

ཐེངས་འདིའི་ཀོང་ཀྲོའུ་ཚོང་འདུས་ཚེས14ཉིན་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་སྤེལ་མགོ་བརྩམས་པ་དང་། ཚོང་དོན་པུའུ་དང་ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། །


  • 顶