ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀོང་ཀྲོའུ་རུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ལོ་འཁོར70ལོན་པའི"བཞུགས་མོལ་ཚོགས་འདུར་ཞུགས།
ཚོགས་ཞུགས་ཀྱི་ཕྱི་རྒྱལ་ཉོ་སྒྲུབ་ཚོང་པ་དང་འགྲེམ་ཞུགས་ཁེ་ལས་ཀྱི་འཐུས་མིའི་གཏམ་བཤད་ལ་ཉན་རྗེས། ལི་ཆང་གིས་བསྟན་དོན། ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་སྤེལ་ནས་ལོ་ངོ70ལོན་པའི་རིང་། ཀྲུང་གོའི་སྒོ་འབྱེད་དང་འཕེལ་རྒྱས་མུ་མཐུད་དུ་ཆེ་རུ་ཕྱིན་པ་དང་བསྟུན། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཏུ་གྱུར་བ་མ་ཟད། འཛམ་གླིང་གིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུའང་གྱུར་ཡོད། སྲོལ་རྒྱུན་དངོས་ཟོག་ཉོ་ཚོང་གི་ལས་སྟེགས་ཆེན་པོ་ཞིག་ཏུ་གྱུར་བ་མ་ཟད། རྣམ་པ་གསར་པའི་ཉོ་ཚོང་འཕེལ་རྒྱས་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྦྲེལ་ཐག་ལྟ་བུར་གྱུར་བ་མ་ཟད། རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་ལྟ་བུར་ཡང་གྱུར་ཡོད།
ལི་ཆང་གིས་བསྟན་དོན། ལོ་འདི་འགར་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཁྲོད་ཞུགས་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་བར་གྱི་འགྲོ་འོང་ལས་སྒོ་སྔར་ལས་སྣ་མང་དུ་ཕྱིན་ནས། ཉོ་ཚོང་གྲོགས་པོ་ནས་གསར་གཏོད་གྲོགས་པོ། དངུལ་གཏོང་གྲོགས་པོ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གྲོགས་པོ་སོགས་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་ཕྱོགས་སུ་རིམ་གྱིས་འཕར་བཞིན་ཡོད། ཁེ་ལས་ཀྱིས་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཀྱི་ལས་སྟེགས་སྔར་ལས་ལེགས་པོར་བེད་སྤྱད་དེ། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་འཛིན་དགོས། ཀྲུང་གོས་མུ་མཐུད་དུ་སྒོ་འབྱེད་གསར་གཏོད་ཀྱི་ཁོར་ཡུག་ཇེ་ལེགས་དང་། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ཁོར་ཡུག་ལེགས་སྒྱུར་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་སྔར་ལས་མང་པོ་གཏོང་བ་དང་། ཀྲུང་གོའི་ཁྲོམ་རར་རྐང་ཚུགས་པར་དགའ་བསུ་ཞུ། ཀྲུང་ཕྱི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་མཐུད་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་ལ་སྣེ་ཁྲིད་དང་གཉིས་ཕན་མཉམ་རྒྱལ་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པའི་རེ་བ་ཡོད། ལོ་ངོ70ལོན་པའི་མགོ་རྩོམ་ས་གསར་པ་རུ་ལངས་ཏེ། ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཀྱི་ཟོང་རྟགས་ལེགས་པོ་འདི་སྔར་ལས་གྲགས་ཅན་དུ་བཏང་ནས། ཤེས་རིག་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་དང་ལྗང་མདོག་གི་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས། མི་ཚུལ་རིག་གནས་ཀྱི་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་བཅས་སུ་བསྐྲུན་ཏེ། འཛམ་གླིང་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྔར་ལས་སྟོབས་ཤུགས་ཆེན་པོ་འབུལ་དགོས།
རྒྱལ་ཁབ་དང་ས་ཁུལ30ནས་ཡོང་བའི་བཟོ་ཚོང་ལས་རིགས་སོ་སོའི་མི་སྣ70ཙམ་བཞུགས་མོལ་ཚོགས་འདུར་ཞུགས། ཁེ་ལས་ཀྱི་འཐུས་མིས་གཏམ་བཤད་སྤེལ་ནས་བསྟན་དོན། ལོ་ངོ70རིང་། རྒྱལ་ཁབ་སོ་སོའི་ཁེ་ལས་ནི་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་དང་མཉམ་དུ་འཚར་ལོངས་བྱུང་ཡོད། དེང་སྐབས་ཀྲུང་གོའི་བཟོ་སྐྲུན་གྱི་འགྲན་རྩོད་ནུས་པ་ཉིན་རེར་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། ཀྲུང་གོ་དང་བློ་བརྟན་འགྱུར་མེད་ཀྱིས་མཉམ་དུ་མདུན་སྐྱོད་བྱས་ཏེ། གསར་གཏོད་མཉམ་སྤྱོད་བྱས་ནས། མཉམ་དུ་འཚར་ལོངས་ཡོང་བར་སྐུལ་སྤེལ་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱ་རྒྱུ་ཡིན།
བཞུགས་མོལ་ཚོགས་འདུའི་སྔོན། ལི་ཆང་གིས"ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཀྱི་ལོ70ཡི"བརྗོད་དོན་འགྲེམ་སྟོན་ལ་གཟིགས་སྐོར་གནང་ནས།"ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ལ་ཞུགས་པའི་འཐུས་མི་རྒན་པར་རྗེས་དྲན་དཔང་རྟགས་དང་དཔང་ཡིག་གནང་བ་མ་ཟད། དྲན་རྟེན་མཉམ་པར་བསྐྱོན།
ཧོང་ཁོན་མིང་དང་། ཝུའུ་ཀྲིན་ལུང་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད། །
འཕྲིན་སྟེགས། weikangba