ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། གསར་འགོད་པས་རྒྱལ་ཁབ་གཞུང་ཞབས་པ་ཅུས་ནས་ཤེས་གསལ་ལྟར་ན། ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་གཏོགས་སྒྲིག་གཞིས2027ལོའི་གཞུང་ཞབས་པ་རྒྱུགས་ལེན་བསྡུ་ལེན་གྱི་མིང་ཐོ་འགོད་མགོ་རྩོམ་ཉེར་ཡོད་པ་དང་། བསྡོམས་པས་མི་ཁྲི3.57བསྡུ་རྩིས་ཡོད། རྒྱུགས་སྤྲོད་སློབ་མས་ཟླ10པའི་ཚེས14ཉིན་གྱི་ཆུ་ཚོད8:00ནས་ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད18:00བར“ཀྲུང་དབྱང་ལས་ཁུངས་དང་དེ་བཞིན་དེའི་ཐད་གཏོགས་སྒྲིག་གཞིའི2027ལོའི་གཞུང་ཞབས་པའི་རྒྱུགས་ལེན་བསྡུ་ལེན་གྱི་ཆེད་དོན་དྲ་ཚིགས”(http://bm.scs.gov.cn/kl2027)སུ་དྲ་ཐོག་ནས་མིང་ཐོ(ཐོ་འགོད་ཁས་ལེན་མཚམས་འཇོག་དུས་ཚོད་ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད18:00བར་ཡིན)འགོད་ཆོག སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཟླ11པའི་ཚེས29ཉིན་རྒྱལ་ཡོངས་ཀྱི་ཐད་གཏོགས་གྲོང་ཁྱེར་ཁག་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར། གྲོང་ཁྱེར་ཁག་གཅིག་བཅས་སུ་དུས་གཅིག་ཏུ་སྤེལ་རྒྱུ་ཡིན་པ་རེད།

ཐེངས་འདིའི་གཞུང་ཞབས་པ་རྒྱུགས་ལེན་བསྡུ་ལེན་གྱི་ལས་དོན་ལ་གཙོ་བོ་ཕྱོགས་བཞིའི་ཁྱད་ཆོས་ཡོད་པ་སྟེ།
གཅིག་ནི་ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་ཡིན་པ། གཉིས་ནི་དྲང་གཞག་གི་མ་མཐའི་མཚམས་ཐིག་ནན་སྲུང་བྱེད་པ། གསུམ་ནི་གཞི་རིམ་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། བཞི་ནི་གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པར་མི་གདམ་གསེས་བྱེད་པ་བཅས་ཡིན།
རྒྱལ་ཁབ་གཞུང་ཞབས་པ་ཅུས་ཀྱིས་ཁ་དན་ཚིག་གནས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། མི་ཞིག་བྱེད་པའི་རྩ་བ་དང་བྱ་གཞག་འཛུགས་པའི་རྨང་གཞི་ཡིན་ལ། གཞུང་ཞབས་པ་ཞིག་གི་གཞི་རྩའི་ཆ་རྐྱེན་ཞིག་ཀྱང་ཡིན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་མིང་ཐོ་འགོད་པའི་དུས་དེ་ནས་བཟུང་རང་རྟོགས་ངང་ཁ་དན་ཚིག་གནས་ཀྱི་བླང་བྱ་ལག་ལེན་བསྟར་བ་དང་། གཞུང་ཞབས་པའི་ཡིག་རྒྱུགས་བསྡུ་ལེན་གྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་མོ་ཞུ་བ། ཁ་དན་ཚིག་གནས་ཀྱིས་མིང་ཐོ་འགོད་པ་དང་། ཁ་དན་ཚིག་གནས་ཀྱིས་རྒྱུགས་ལེན་པ། ཁ་དན་ཚིག་གནས་ཀྱིས་ཁ་ཆད་སྲུང་བ་བཅས་བྱ་རྒྱུའི་རེ་བ་ཡོད་པའི་དྲན་སྐུལ་བྱས་ཡོད། ད་ཐེངས་ཀྱི་རྒྱུགས་ལེན་ནང་རྒྱུགས་ལེན་ཟུར་ཁྲིད་ཀྱི་དཔེ་དེབ་དཔེ་སྐྲུན་མི་བྱེད་ལ་དམིགས་འཛུགས་ཀྱང་མི་བྱེད་པ་དང་སྒྲིག་གཞིའམ་ཡང་ན་མི་སྒེར་གང་རུང་ལ་རྒྱུགས་ལེན་ཟུར་ཁྲིད་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་མངགས་བཅོལ་ཡང་མི་བྱེད་པ་རེད། སྤྱི་ཚོགས་ཐོག་གི་འབྲེལ་ཡོད་གཞུང་ཞབས་པའི་ཡིག་རྒྱུགས་གསོ་སྦྱོང་དང་། དྲ་ཚིགས། དཔེ་སྐྲུན་དངོས་པོ་སོགས་ཀྱི་ཐད་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་དོགས་ཟོན་ཆེ་རུ་གཏོང་བ་དང་། རྗེས་དཔག་གི་ལྟ་སྟངས་བཟུང་ནས་མགོ་སྐོར་མི་ཕོག་པ་དང་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས། །