ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2021ལོར་རང་རྒྱལ་གྱིས་གཙང་གསུམ་མགོ་ཁུངས་དང་། དོམ་ཁྲ། བྱང་ཤར་སྟག་གཟིག ཧའེ་ནན་ཚ་ཁུལ་ཆར་ཆུའི་ནགས་ཚལ། ཝུའུ་དབྱི་ཧྲན་བཅས་རྒྱལ་ཁབ་སྤྱི་གླིང5དངོས་སུ་བཙུགས་པ་ནས་བཟུང་། རྒྱལ་ཁབ་སྤྱི་གླིང་སྐོར་དང་པོའི་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་བསྐྲུན་པ་དང་། གཙོ་གནད་ས་ཁོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་གི་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། དངོས་རིགས་ཁྱབ་ཚོགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད། ཚོད་དཔག་ལས་མངོན་པར་གཞིགས་ན། སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཕན་འབྲས་དཔྱད་དཔོག་དམིགས་ཚད་ཀྱི་ཕུལ་བྱུང་བསྡུར་ཚད75%ཟིན་པ་དང་། ཆུ་ཁུངས་གསོ་སྐྱོང་དང་། ཐཱན་བརྟན་དབྱཱང་གཏོང། ས་ཆུ་སྲུང་འཛིན་སོགས་ལྟེ་བའི་སྐྱེ་ཁམས་ཞབས་ཞུའི་ནུས་པ་མཐོར་འདེགས་སུ་ཕྱིན་ཡོད།
སྐོར་དང་པོའི་རྒྱལ་ཁབ་སྤྱི་གླིང5ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི23ཟིན་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ120ལྷག་བསྡུ་སྒྲིལ་དང་ཇེ་ལེགས་སུ་བཏང་སྟེ། གཙང་པོའི་མགོ་ཁུངས་དང་། རི་མཐོའི་ནགས་ཚལ། དྲོད་ཁུལ་གྱི་མཉམ་བསྲེས་ནགས་ཚལ། ཚ་ཁུལ་གྱི་ཆར་ཆུའི་ནགས་ཚལ། ཨེ་ཤ་ཡ་དབུས་མའི་ཚ་ཁུལ་གྱི་ནགས་ཚལ་སོགས་མཚོན་བྱེད་རང་བཞིན་ལྡན་པའི་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་ཁྱབ་ཁོངས་ནང་བཅུག་ནས། སྐྱེ་ཁམས་བར་མཐོངས་གལ་ཆེན་གྱི་ཚད་གཞི་ཆེ་བ་དང་། རྒྱུ་རྐྱེན་གཙོ་བོ། སྤྱི་ཡོངས་རང་བཞིན་བཅས་ཀྱི་སྲུང་སྐྱོང་ཞིག་གསོ་མངོན་འགྱུར་བྱུང་ཡོད།
ལོ་ལྔའི་རིང་། རྒྱལ་ཁབ་སྤྱི་གླིང་ཁག་གིས་རི་ཆུ་ནགས་ཞིང་མཚེའུ་དང་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་བཏང་བ་དང་། འཚོ་ཁུལ་སླར་གསོ་དང་། སྐྱེ་ཁམས་བར་ཁྱམས་སྦྲེལ་མཐུད། མིས་བཟོས་བྱེད་སྒོ་དོ་དམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པས། ས་ཁོངས་སྐྱེ་ཁམས་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་ཡོད། “ཀྲུང་ཧྭ་ཆུ་ལྕོག”གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ཆུ་ཁུངས་གསོ་སྐྱོང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ལོ་རེར་ཆ་སྙོམས་སུ་སྨད་རྒྱུད་དུ་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར800སྐྱེལ་འདྲེན་བྱས་པས། རྨ་ཆུའི་མགོ་ཁུངས་རྨ་སྟོད་རྫོང་དུ་མཚེའུ་སྟོང་གི་སྐྱེ་ཁམས་མཛེས་ལྗོངས་སླར་ཡང་མངོན་ཡོད། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་གིས་བདག་ཏུ་མ་བཟུང་བའི་དོམ་ཁྲའི་ཁྱུ་ཚོགས་ཀྱི་སྐྱེ་ཁམས་བགྲོད་ལམ13བཏོད་པས། འཚོ་ཁུལ་གྱི་འབྲེལ་མཐུད་རང་བཞིན་ཆེས་ཆེར་ཕྱིན་ཡོད་པ་རེད། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ལས་གཞི་མུའུ་ཁྲི60ལག་བསྟར་བྱས་ནས། ས་མཚམས་སྒྲོལ་བའི་སྐྱེ་ཁམས་བར་ཁྱམས་ཤར་གཏོང་བྱས་ཏེ། རི་སྐྱེས་ཁྱུ་ཚོགས་གནས་སྤོ་སྤེལ་རེས་བྱ་རྒྱུར་རོགས་རམ་བྱས་ཡོད། ཧའེ་ནན་ཚ་ཁུལ་ཆར་ཆུའི་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་ནགས་ཚལ་ལ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ཆར་ཆུའི་ནགས་ཚལ་སྐྱེ་ཁམས་སླར་གསོ་བྱས་པས། ཆར་ཆུའི་ནགས་ཚལ་གྱི་གདོད་མའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད། ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་གིས་གཙོ་གནད་ས་ཁུལ་གྱི་ཚོང་ཟོག་ནགས་ཚལ་བླུ་ཉོའི་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་ནས། ནགས་ཚལ་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཨེ་ཤ་ཡ་དབུས་མའི་ཚ་ཁུལ་ནགས་ཚལ་སྐྱེ་ཁམས་སྲུང་ཡོལ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ཡོད།
ལོ་ལྔའི་རིང་། རྩ་ཆེའི་དངོས་རིགས་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། གཙང་གསུམ་མགོ་ཁུངས་སུ་གཙོད་ཁྱུ་ཁྲི7ལྷག་ལ་སླར་གསོ་བྱུང་ཡོད། བྱང་ཤར་སྟག་གཟིག་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་བྱང་ཤར་སྟག་དེ་བཙུགས་མ་ཐག་པའི27ནས72བར་ཇེ་མང་དུ་ཕྱིན་པ་དང་། རི་སྐྱེས་བྱང་ཤར་གཟིག42ནས115བར་མང་དུ་ཕྱིན་པ་མ་ཟད། རི་སྐྱེས་བྱང་ཤར་སྟག་གིས“སྟག་མ་གཅིག་གིས་སྟག་ཕྲུག་ལྔ་ཁྲིད་པའི”གཟུགས་བརྙན་རྩ་ཆེན་པར་ལེན་བྱས་ཡོད་པ་རེད། ཧའེ་ནན་སྤྲེའུ་ལག་རིང་ཁྱུ་ཚོགས་ཁྱུ་7ནས44བར་མང་དུ་ཕྱིན་པ་དེ་ནི་གོ་ལ་ཧྲིལ་པོའི་ཁྱུ་ཚོགས་རྒྱུན་མཐུད་ངང་འཕར་བའི་སྤྲེའུ་ལག་རིང་ཁྱུ་ཚོགས་ཁོ་ན་དེ་ཡིན་པ་རེད། དོམ་ཁྲ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་ཀྱི་རི་སྐྱེས་དོམ་ཁྲ70%ཡན་ལ་སྲུང་སྐྱོབ་བྱས་ཡོད། ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་དུ་སྔ་རྗེས་སུ་ཆར་ལྷ་སྦལ་ནག་དང་། ཝུའུ་དབྱི་ནགས་སྦལ་པ། ཧྥུའུ་ཅན་ཐེན་མཱ་སོགས་སྐྱེ་དངོས་རིགས་གསར་པ་མང་པོ་ཤེས་རྟོགས་བྱུང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩ་རྒྱུན་མཐུད་ངང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད།
ལོ་ལྔའི་རིང་། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་ལ་མཉམ་དུ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་སྤྱི་གླིང་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་བྱེད་པ་དང་དུས་མཚུངས་སུ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་། སྐྱེ་ཁམས་ཁ་གསབ། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཉམས་ལེན་བཅས་བྱས་པ་བརྒྱུད་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ས་གནས་དེ་གའི་མང་ཚོགས་ཁྲི5ཙམ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དོ་དམ་པར་གདན་ཞུ་བྱས་ནས། མི་རེར་ལོ་རེར་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི1.2ནས་ཁྲི2.1བར་ཐོབ་ཡོད།
ལོ་ལྔའི་རིང་། འདེགས་སྐྱོར་འགན་སྲུང་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ཡོད། རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་སྒྲིག་ཇུས་གཞི་བཏོན་ནས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་མ་ལག་ཆེ་ཤོས་བཀོད་སྒྲིག་དང་འཛུགས་སྐྲུན་བྱས། རང་བྱུང་སྲུང་སྐྱོང་ཁུལ་ཁྱབ་ཁོངས་ཀྱི་ཆེད་དོན་བཅའ་ཁྲིམས་ཐོག་མ《རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་དང་། 《རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག》དང《མཛེས་ལྗོངས་ཁུལ་གྲགས་ཅན་ཁུལ་གྱི་སྲོལ་ཡིག》བཟོ་བཅོས་དང་ཁྱབ་བསྒྲགས་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱ་རྒྱུ་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་མཚམས་གསར་པར་བསླེབས་ཡོད།
“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གསར་པ་འཛུགས་རྒྱུ་ཡིན་པ་རེད། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། བར་སྟོང་གི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། འཚོ་ཁུལ་དང་སྐྱེ་ཁམས་བར་ཁྱམས་འཛུགས་སྐྲུན་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཀྱི་ལས་གཞི་གལ་ཆེན་ཚན་རིག་དང་མཐུན་པར་ལག་བསྟར་བྱས་ཏེ། སྐྱེ་ཁམས་བརྒྱུད་རིམ་ལྡན་པའི་སྒོ་ནས་སླར་གསོ་བྱེད་པ། སྐྱེ་ཁམས་ཁ་གསབ་དང་། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཁ་གསབ། གཉེར་སྐྱོང་རང་བཞིན་གྱི་ཞབས་ཞུ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དམངས་འཚོ་ལེགས་བཅོས་ལ་རྒྱུན་མཐུད་ངང་སྐུལ་སྤེལ་བཏང་ཡོད། །