ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨའོ་མོན་གྱིས་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་འཁོར160ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་དེ་ཚེས12ཉིན་ཨའོ་མོན་ཚན་རིག་འགྲེམས་སྟོན་ཁང་དུ་བསྡུས་པ་རེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའམ། ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀྲེང་ཅན་པང་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚབ་བྱེད་མི་སྣའམ་སྤྱི་ཚོགས་རིག་གནས་སི་ཡི་སི་ཀྲང་ཁོ་ལན་གྱིས་ཤིས་ཚིག་གསུངས་པ་དང་། ཨའོ་མོན་ཀྲུང་དབྱང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལུའི་ཡུས་ཡིང་དང་། ཨའོ་མོན་ས་ཁུལ་ཞི་བདེ་གཅིག་གྱུར་སྐུལ་འདེད་མཐུན་ཚོགས་ཚོགས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚུའེ་ཧྲི་ཁྲང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
ཀྲེང་ཅན་པང་གིས་བསྟན་དོན། ཀོང་ཏུང་ཞང་ཀང་ཨའོ་མོན་གསུམ་ནི་སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་པ་དང་འཚར་ལོངས་བྱུང་སའི་གནས་ཡིན་པ་མ་ཟད། ཁོང་གི་གསར་བརྗེའི་བསམ་བློ་འབྱུང་ཁུངས་གལ་ཆེན་ཞིག་དང་གསར་བརྗེ་བྱ་གཞག་སྤེལ་ཡུལ་གཙོ་བོ་ཡང་ཡིན། ས་ཕྱོགས་འདིར་སྐུ་ཞབས་སུན་ཀྲུང་ཧྲན་གྱིས"མི་གསོ་བཅོས་བྱེད་པ་ནས་རྒྱལ་ཁབ་སྐྱོང་བའི"བསམ་བློའི་མཆོང་སྐྱོད་ཆེན་པོ་བྱུང་བ་མཚོན་ཡོད་ལ། སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་དང་ལས་དབང་གཅིག་ཏུ་སྦྲེལ་བའི་རྒྱལ་གཅེས་སྲོལ་རྒྱུན་ཟབ་མོ་བསགས་ཡོད། ལྷག་བསམ་རྣམ་དག་ངང་རྒྱལ་གཅེས་སེམས་ཤུགས་བརྟན་པོ་སྲུང་བ་དང་། ཁྱིམ་ཚང་ལ་དགའ་ཞེན་ཆེ་རུ་བཏང་སྟེ་གཞོན་ནུའི་ཐོག་མའི་བསམ་འདུན་ཁ་ཕྱོགས་གཏན་འཁེལ་བྱ་དགོས་པ་དང་། འབད་འཐབ་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་དཔའ་ངར་ཞུམ་མེད་རྒྱུན་འཁྱོངས་བྱས་ནས། གཞོན་ནུ་རྣམས་མདུན་སྐྱོད་ལྷོད་མེད་བྱེད་པར་སྐུལ་མ་གཏོང་དགོས་ཤིང་། མི་རིགས་བསྐྱར་དར་རླབས་པོ་ཆེའི་ཆེད་དུ་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཏེ། མེས་རྒྱལ་གོང་བུ་གཅིག་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་མི་རིགས་དར་རྒྱས་གོང་འཕེལ་ཡོང་བར་བྱ་དགོས། དེ་བཞིན་ཨའོ་མོན་དུ"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ལག་བསྟར་ཡག་པོ་བྱས་པ་དྲིལ་བསྒྲགས་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་སྟོབས་ཤུགས་ཆེན་པོ་བསྡུ་རུབ་བྱེད་དགོས།
བཞུགས་མོལ་ཚོགས་འདུ་ནི་ཨའོ་མོན་ས་ཁུལ་ཞི་བདེ་གཅིག་གྱུར་སྐུལ་འདེད་མཐུན་ཚོགས་ཀྱིས་རྒྱབ་སྐྱོར་འོག་བསྡུས་པ་དང་། ཨོ་ཐའེ་སྤེལ་རེས་མཉམ་འབྲེལ་སྤྱི་ཁྱབ་ཚོགས་པ་ཡིས་གཙོ་སྒྲུབ་བྱས། ཨོ་ཐའེ་ན་གཞོན་བརྗེ་རེས་ཡར་སྐུལ་ཚོགས་པས་རོགས་འདེགས་བྱས་པ་ཡིན་ཞིང་། ཨའོ་མོན་འབྲེལ་ཡོད་ལས་ཁུངས་སོ་སོའི་འགན་འཁུར་པ་དང་། ཨའོ་མོན་དང་ཐེ་ཝན་གྱི་ན་གཞོན་འཐུས་མི་སོགས་མི300ལྷག་ཞུགས་ཡོད། །