ནུས་ཁུངས་གསར་བའི་རླངས་འཁོར་ཟླ་རེའི་ཚོང་ཚད་གྱི་བསྡུར་ཚད་ཟླ་བ་གསུམ་ལ་བསྟུད་མར60%ལས་བརྒལ་བ།

2026-10-14
429

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཚེས12ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2026ལོའི་ཟླ9པར། རང་རྒྱལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི181.4དང་ཁྲི182.3ལེགས་འགྲུབ་བྱུང་བ་དང་། ལོ་སྔོན་མ་དང་བསྡུར་ན་སོ་སོར12.2%དང13.6%འཕར་སྣོན་བྱུང་ཡོད། ནུས་ཁུངས་གསར་བའི་རླངས་འཁོར་ཟླ་རེའི་ཚོང་ཚད་ཀྱི་བསྡུར་ཚད་ཟླ་བ་གསུམ་ལ་བསྟུད་མར60%ལས་བརྒལ་བ་དང་། ཟླ9པར་ཡང་བསྐྱར་ཟིན་ཐོ་གསར་པ་བཏོད་དེ61.6%ལ་སླེབས་ཡོད།

ཟླ9པར། རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི299དང་ཁྲི295.6ལེགས་འགྲུབ་བྱུང་བ་དང་། ཟླ་གོང་མ་དང་བསྡུར་ན་སོ་སོར11.4%དང9%འཕར་སྣོན་བྱུང་ཡོད། སྤྱི་ཡོངས་ནས་བལྟས་ན། དུས་ཚིགས་དང་པོ་གསུམ་པར། རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི2324.6དང2327.1ལེགས་འགྲུབ་བྱུང་བ་དང་། ལོ་སྔོན་མ་དང་བསྡུར་ན་ཅུང་ཟད་མར་ཆག་ཡོད། དེའི་ནང་དུ་གློག་སྒུལ་རླངས་འཁོར་ཐོན་སྐྱེད་དང་ཕྱིར་འཚོང་སོ་སོར་ཁྲི1248.3དང1247.2ལེགས་འགྲུབ་བྱུང་བ་དང་། ལོ་སྔོན་མ་དང་བསྡུར་ན་སོ་སོར11%དང11.1%འཕར་སྣོན་བྱུང་ཞིང་། ནུས་ཁུངས་གསར་བའི་རླངས་འཁོར་གསར་བ་བཙོངས་པའི་བསྡོམས་འབོར་གྱིས་བཟུང་བའི་བསྡུར་ཚད་མུ་མཐུད་དུ་འཕར་ཏེ་53.6%ལ་སླེབས་ཡོད།

ཕྱིར་གཏོང་ཕྱོགས་ནས། དུས་ཚིགས་སྔོན་མ་གསུམ་གྱི་རིང་། རླངས་འཁོར་བསྡོམས་པས་ཁྲི820.5ཕྱིར་གཏོང་བྱས་པ་དང་། དེའི་ནང་དུ་ནུས་ཁུངས་གསར་བའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཁྲི400.6ཡིན་པས། ལོ་སྔོན་མ་དང་བསྡུར་ན་ལྡབ1.3ལྷག་གིས་འཕར་བ་རེད། ཟླ9པར་རླངས་འཁོར་ཁྲི105.3ཕྱིར་གཏོང་བྱས་པ་དང་། ལོ་སྔོན་མ་དང་བསྡུར་ན61.4%འཕར་ཡོད་ཅིང་། དེའི་ནང་དུ་ནུས་ཁུངས་གསར་བའི་རླངས་འཁོར་ཕྱིར་གཏོང་བྱས་ཡོད་པ་དེས་ལོ་སྔོན་མ་དང་བསྡུར་ན་ལྡབ1.6ལྷག་འཕར་ཡོད། ནུས་ཁུངས་གསར་བའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཀྱིས་རླངས་འཁོར་ཡོངས་རྫོགས་ཀྱི་ཕྱིར་གཏོང་ཁྲོད་བཟུང་བའི་བསྡུར་ཚད་ཟླ4ལ་བསྟུད་མར་ཕྱེད་ཀ་ལས་བརྒལ་ཡོད།

"ཕྱི་ཕྱོགས་ཁོར་ཡུག་རྙོག་འཛིང་ཆེ་ཡང་། ཕྱིར་གཏོང་སྔར་བཞིན་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། སྟོབས་ཤུགས་ཆེན་པོ་མངོན་བཞིན་འདུག"ཅེས་ཀྲུང་གོ་རླངས་འཁོར་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཁྲེན་ཧྲི་ཧྭ་ཡིས་བཤད་པ་ལྟར། དུས་ཚིགས་བཞི་པ་བསླེབ་སྐབས། ལས་རིགས་འདི་བརྟན་འཇགས་ངང་འཁོར་སྐྱོད་ཐུབ་པའི་རེ་བ་ཡོད། །


  • 顶