ཞང་ཀང་གིས་བྱེད་སྒོ་སྤེལ་ནས་སྐུ་ཞབས་སུན་ཀྲུང་ཧྲན་འཁྲུངས་ནས་ལོ་འཁོར160ལོན་པར་དྲན་གསོ་ཞུས་པ།

2026-10-13
385

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་གྱི་ཕྱི་དྲོར་ཞང་ཀང་ཀྲུང་ཧྲན་དྲན་གསོའི་སྤྱི་གླིང་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་ཟངས་སྐུ་ཀྲོང་ངེར་ལངས་ཡོད་པ་རེད། ལྕགས་ཕག་ལོའི་གསར་བརྗེའི་མི་རབས་རྗེས་མ་དང་། ཧོང་ཕུའུ་དམག་དོན་སློབ་གྲྭའི་མི་རབས་རྗེས་མ། ཞང་ཀང་གི་གཞོན་ནུ་བཅས་དཔུང་པ་མཉམ་གཤིབ་ཀྱིས་ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེན་གྱི་སྔོན་བྱོན་པ་རྣམས་ལ་གུས་འདུད་ཞུས་པ་རེད།

སྐུ་ཞབས་སུན་ཀྲུང་ཧྲན་སྐུ་འཁྲུངས་ནས་ལོ་160འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དེ་ཞང་ཀང་ཧོང་ཕུའུ་དམག་དོན་སློབ་གྲྭའི་མི་རབས་རྗེས་མའི་གཉེན་ཉེ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཞང་ཀང་སློབ་ཆེན་བཟོ་ལས་པའི་མཐུན་ཚོགས་དང་། ཞང་ཀང་སློབ་ཆེན་ཞིབ་འཇུག་སློབ་མའི་ལྷན་ཚོགས། ཞང་ཀང་སློབ་ཆེན་རྒྱལ་དོན་སློབ་ཚོགས། ཀྲུང་ཧྲན་སློབ་ཆེན་ཞང་ཀང་སློབ་གྲྭའི་གྲོགས་པོའི་ལྷན་ཚོགས་སོགས་ཀྱིས་རོགས་སྒྲུབ་བྱས་ཏེ། ཚེས10ནས11ཉིན་བར་གཉེར་བ་རེད། 

གུས་མཇལ་བྱས་རྗེས། མི་ཚོགས་རྣམས་སྤྱི་ལེ3.3ཡོད་པའི་ལོ་རྒྱུས་རྗེས་ཤུལ་བརྒྱུད་དེ། དལ་གྱིས་མདུན་དུ་བསྐྱོད་པ་དང་། རྗེས་ཤུལ་དེ་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ཞང་ཀང་དུ་སློབ་སྦྱོང་དང་འཚོ་སྡོད། རྒྱལ་ཁབ་ཀྱི་གནས་ཚུལ་གླེང་བ། གསར་བརྗེའི་བྱེད་སྒོ་སྤེལ་བ་བཅས་ཀྱི་ལོ་རྒྱུས་རྗེས་ཤུལ16དང་འབྲེལ་བ་ཡོད་པ་རེད། 

མི་ཚོགས་ཁྲོད་དུ་སྐྲ་དཀར་པོར་གྱུར་པའི་རྒན་རྒོན་ཡོད་ལ། ལོ20ལ་སླེབས་པའི་ན་གཞོན་ཡང་ཡོད། རྒན་རྒོན་རྣམས་ཀྱིས་ངེས་མེད་དུ་གོམ་པ་སྤོ་མཚམས་བཞག་ནས་ལོ་རྒྱུས་ཀྱི་རྗེས་ཤུལ་ཞིག་ལ་མཛུབ་མོ་བཙུགས་ཏེ། ཉེ་འགྲམ་གྱི་གཞོན་ནུ་ཚོར་ཁྱིམ་རྒྱུད་ཀྱི་དྲན་ཤེས་ནང་གི་ལོ་རྒྱུས་བརྗོད་པ་རེད།

འདྲ་པར་རྙིང་པ་ཞིག་གི་མདུན་དུ། སྐུ་ཞབས་སུན་ཀྲུང་ཧྲན་གྱི་རྗེས་རབས་པའམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་སུན་ཝུའེ་ཡུང་གིས་མི་རྣམས་ལ་ངོ་སྤྲོད་བྱས་དོན། 1923ལོའི་ཟླ2པའི་ཚེས20ཉིན་སྐུ་ཞབས་སུན་ཀྲུང་ཧྲན་གྱིས་ང་ཚོ་སོང་མ་ཐག་པའི་ཞང་ཀང་སློབ་ཆེན་གྱི་ལུའུ་ཡིའུ་ཐང་དུ་གཏམ་བཤད་གནང་མྱོང་ཞིང་། ཁོང་གིས་གཏམ་བཤད་གནང་སྐབས“ང་ནི་ཡུལ་སྐོར་བ་ཞིག་ཁྱིམ་དུ་ལོག་པ་དང་འདྲ། གང་ལགས་ཤེ་ན། ཞང་ཀང་དང་ཞང་ཀང་སློབ་ཆེན་ནི་ངའི་ཤེས་བྱའི་འབྱུང་གནས་ཡིན”ཞེས་གསུངས་པ་རེད། ཞང་ཀང་དུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་གསར་བརྗེའི་དགོངས་པ་གསོ་སྐྱོང་བྱས་པ་དང་། ཁོང་སྨན་པ་ནས་གསར་བརྗེ་པར་གྱུར་བར་དཔང་པོ་བྱས་ཡོད། རྒྱལ་ཁབ་དར་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་འཛིན་རྒྱུ་ནི་སྐུ་ཞབས་ཀྲུང་ཧྲན་གྱི་སྙིང་སྟོབས་ཀྱི་རྨང་གཞི་ཡིན་ཟེར། 

ལོ་རྒྱུས་རྗེས་ཤུལ་གྱི་ལམ་དུ་བསྐྱོད་ཚར་རྗེས། མི་ཚང་མ་བཞུགས་མོལ་ཚོགས་འདུ་འཚོགས་སར་བསླེབས། སུན་ཝུའེ་ཡུང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཀའོ་ཡུང་ཝུན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཀྲི་ཕེང་སོགས་ཀྱིས་གཙོ་དོན་གཏམ་བཤད་གྱི་སྐུ་མགྲོན་བྱས་ཏེ། ཀྲུང་ཧྲན་གྱི་སྙིང་སྟོབས་ཀྱི་དུས་རབས་ཀྱི་དོན་སྙིང་དང་། ཞང་ཀང་དང་སྐུ་ཞབས་སུན་ཀྲུང་ཧྲན་དབར་གྱི་ལོ་རྒྱུས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བྱས་པ་རེད། 

གཙོ་གཉེར་ཕྱོགས་ཀྱིས་བསྟན་དོན། སྐུ་ཞབས་སུན་ཀྲུང་ཧྲན་ནི་རླབས་ཆེན་གྱི་མི་རིགས་དཔའ་བོ་དང་ཀྲུང་གོའི་དམངས་གཙོའི་གསར་བརྗེའི་རླབས་ཆེན་གྱི་སྔོན་བསྐྱོད་པ་རེད། ཞང་ཀང་དུ་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དེ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་བྱོན་དམ་པར་གུས་འདུད་ཞུས་པ་ཞིག་ཡིན་ལ། དེང་རབས་མི་རྣམས་ལ་རྒྱལ་གཅེས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། ཞང་ཀང་སྐྱོང་བ་ནས་དར་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་པ་ཡིན། །


  • 顶