ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་ལས་དོན་ཁང་གི་ཀྲུའུ་རེན་ཝང་དབྱི་ཡིས་ཚེས10ཉིན་ཏ་ཐུང་དུ་ཧྥ་རན་སིའི་ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་པོ་ནཱ་དང་མཉམ་དུ་ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་གྲོས་མོལ་ཐེངས་ཉེར་བརྒྱད་པ་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དུས་ཡུན་རིང་པོར་གྲོས་བསྡུར་ཟབ་མོ་གནང་ནས་ཐུན་མོང་ངོས་འཛིན་རྒྱ་ཆེན་པོ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཡོ་རོབ་མནའ་འབྲེལ་གྱི་ཚོང་དོན་དངུལ་གཏོང་གྲོས་མོལ་ལམ་སྲོལ་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་ཁས་ལེན་བྱས།
ཝང་དབྱིས་བཤད་རྒྱུར། ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་གྲོས་མོལ་ནི་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་སྟོབས་ཆེན་བར་བཙུགས་པའི་རིམ་པ་མཐོ་བའི་འཐབ་ཇུས་མཐུན་སྦྱོར་ལམ་སྲོལ་ཐོག་མ་དེ་ཡིན་ཞིང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་ནུས་པ་གལ་ཆེན་ཐོན་ཡོད་ལ། ལྷག་པར་དུ་དབུ་ཁྲིད་མི་སྣའི་ཕྱི་འབྲེལ་ཞབས་ཞུ་བསྒྲུབས་ཏེ་ཕན་ཚུན་ཡིད་ཆེས་བརྟན་པོ་བྱུང་བ་དེས་རྒྱལ་ཁབ་སྟོབས་ལྡན་གྱིས་འཁུར་དགོས་བའི་འགན་འཁྲི་མངོན་པར་མཚོན་ཡོད། ད་ལྟ། རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་དང་ཟིང་ཆ་ཆེ་རུ་ཕྱིན་པས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཞག་པའི་དགོངས་དོན་ལག་བསྟར་ཡག་པོ་བྱེད་པ་དང་། འཐབ་ཇུས་ཐད་སྐད་ཆ་ཤོད་རེས་རྒྱུན་འཁྱོངས་བྱེད་པ། འཐབ་ཇུས་སྟེང་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཧྥ་རན་སི་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་འབད་བརྩོན་བྱེད་འདོད་ཡོད།
ཝང་དབྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་རྒྱུན་སྐྱོང་བྱེད་པ་དང་ཆབས་ཅིག མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་ཉིང་རྡུལ་ནུས་རྒྱུ་སོགས་སྲོལ་རྒྱུན་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ལྗང་མདོག་ཐཱན་ཉུང་ལག་རྩལ། མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་དང་། སློབ་གསོ་དང་རིག་གནས་གཞོན་ནུ། ལུས་རྩལ། ས་གནས་སོ་སོ་བར་སྤེལ་རེས་བྱེད་སྒོ་སྤེལ་བར་ཤུགས་སྣོན་རྒྱག་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཁེ་ལས་རྣམས་ཧྥ་རན་སིར་མ་དངུལ་འཇོག་པ་དང་བྱ་གཞག་གཉེར་བར་སྲིད་ཇུས་རྒྱབ་སྐྱོར་དང་ཁོར་ཡུག་ལེགས་པོ་བསྐྲུན་པར་རེ་སྒུག་བྱེད་བཞིན་ཡོད། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀ་རང་བཙན་རང་བདག་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་མུ་མཐུད་འབྲེལ་འདྲིས་དམ་ཟབ་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་བཞི་ལག་བསྟར་བྱེད་རོགས་བྱེད་པ་དང་། སྔར་ལས་དྲང་གཞག་ལུགས་མཐུན་ལྡན་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་རོགས་རམ་བྱེད་དགོས། ཐའེ་ཝན་གནད་དོན་ནི་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ཞུས་ཏེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་རྨང་གཞི་སྲུང་སྐྱོང་ཡག་པོ་བྱེད་པའི་རེ་བ་བཏོན།
པོ་ནཱ་ཡིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་མཛའ་བརྩེ་ལོ་རྒྱུས་ཡུན་རིང་ལྡན་པ་ཡིན་ཞིང་། 1973ལོར་ཀྲུང་གོར་འཚམས་འདྲི་ཐོག་མར་ཕེབས་པའི་ཧྥ་རན་སིའི་ཙུང་ཐུང་ཏ་ཐུང་གྲོང་ཁྱེར་དུ་ཕེབས་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྐོར་གཏམ་རྒྱུད་སྙན་མོ་ཞིག་བཞག་པ་རེད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ལོ་རྒྱུས་མཛའ་མཐུན་རྒྱུན་འཛིན་བྱས་ཏེ། མུ་མཐུད་དུ་ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་ཡིད་ཆེས། སྲ་བརྟན་གསོན་ཤུགས་ཆེ་བ་བཅས་ཁྱད་ཆོས་ཡོངས་སུ་རྫོགས་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏོད་འདོད་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ཞུ་བ་དེར་འགྱུར་བ་གཏན་ནས་མེད། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་དམ་ཚགས་ཡོང་བ་དང་། མི་ཆོས་བརྗེ་རེས་ལ་ཤུགས་སྣོན། ཞིང་ལས་དང་ཉིང་རྡུལ། བར་སྣང་དྲ་རྒྱ། མི་ཐབས་རིག་ནུས། ཚན་རྩལ་གསར་བ་སོགས་ཁྱབ་ཁོངས་སོ་སོའི་ཁེ་ཕན་མཉམ་སྤྱོད་མཉམ་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པ་བསྐྲུན་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་སྔར་བཞིན་ཀྲུང་གོའི་ཁེ་ལས་རྣམས་ཧྥ་རན་སིར་མ་རྩ་འཇོག་པར་སྔོན་དཔག་ཐུབ་པ་དང་བརྟན་བརླིང་ཅན་གྱི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱེད་ངེས། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་ཀྱི་གྲོས་གཞི་ལ་གདེང་འཇོག་མཐོན་པོ་གནང་བ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་སྒོས་ཕྱོགས་མང་མཉམ་ལས་སྤེལ་བ་བརྒྱུད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གོ་ལ་རང་བཞིན་གྱི་ཉེན་ཁ་ཐག་གཅོད་པ་དང་ཐུན་མོང་དར་རྒྱས་མངོན་འགྱུར་འབྱུང་ཆེད་དགེ་མཚན་ལྡན་པའི་ནུས་པ་སྔར་ལས་ལྷག་པ་འདོན་འདོད་ཡོད།
ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉོ་ཚོང་དངུལ་གཏོང་གྲོས་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་གཉིས་པར་འཕེལ་རིམ་བཟང་པོ་བྱུང་བ་དེས་ཕྱོགས་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླ་ཡིན་པའི་ཆ་ནས། སྐད་ཆ་ཤོད་རེས་བརྒྱུད་དཔལ་འབྱོར་ཚོང་དོན་ཐད་ཀྱི་འགལ་བ་ཐག་གཅོད་འོས་འཚམ་བྱེད་ཐུབ་པ་མ་ཟད། ཕྱོགས་མང་རིང་ལུགས་ཀྱི་ལྟ་བ་སྲུང་སྐྱོང་བྱེད་པ་དང་རང་མོས་ཉོ་ཚོང་མ་ལག་སྲུང་སྐྱོབ་བྱས་ནས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སླར་གསོ་ཐུབ་ངེས་ཡིན་པ་མཚོན་ཡོད། ཧྥ་རན་སི་ནི་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མི་གཙོ་བོ་ཞིག་ཡིན་པས། མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་བར་ཕན་ཚུན་ཁེ་ཕན་ལྡན་པའི་མཉམ་ལས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པར་རེ་སྒུག་བྱ་རྒྱུ་ཡིན།
ཝང་དབྱིས་ནན་གྱིས་བསྟན་དོན། ཡིད་ཆེས་ནི་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་མཚོན་བྱེད་ཀྱི་གཞི་རྩ་ལྟ་བུ་ཡིན་ཞིང་། དཔལ་འབྱོར་ཚོང་དོན་ཐད་ཀྱི་འགལ་འཛོལ་ནི་དུས་མཚམས་རང་བཞིན་ཙམ་རེད། ཕྱོགས་གཉིས་ཀྱིས་གྲོགས་པོ་ལྟ་བུའི་གནས་བབ་དང་མཉམ་ལས་བྱེད་སྟངས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་རྣམས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བའི་གནས་བབས་ཡང་དག་ཏུ་བཞག་སྟེ། རྒྱལ་ཁ་ཐོབ་པ་ལས་མི་ཕམ་པ་ཡོང་བ་དང་ཡར་འཕེལ་དོ་སྙོམས་ཡོང་ཐབས་བྱེད་དགོས་པ་ལས་མར་འགྲིབ་དོ་སྙོམས་མི་བྱེད་པ་གལ་ཆེ། པོ་ནཱ་ཡིས་ད་རེས་ཡོ་རོབ་དང་ཀྲུང་གོའི་ཉོ་ཚོང་དངུལ་གཏོང་གྲོས་མོལ་བྱས་པ་འདི་ཁ་ཕྱོགས་བཟང་པོར་བསྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན། ཡོ་རོབ་གོང་འཕེལ་གཏོང་བར་ཀྲུང་གོ་དགོས་གལ་ཆེ་བས་ཡོ་རོབ་ཕྱོགས་ནས་ཀྲུང་གོ་དང་ཚོང་རྩོད་རྒྱག་འདོད་མེད་ལ། ཀྲུང་གོ་དང་ཁ་བྲལ་དུ་འཇུག་རྩིས་ཀྱང་མེད། ཀྲུང་གོ་དང་ཡིད་རྟོན་རུང་བ་དང་བློས་འགེལ་ཆོག་པའི་རོགས་ཟླ་བྱས་ཏེ། འདྲ་མཉམ་དང་མཉམ་ལས་ཐོག་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་གཏན་འཁེལ་བྱེད་པ་དང་། ཡིད་ཆེས་དང་གན་རྒྱའི་སྙིང་སྟོབས་ལ་བརྟེན་ནས་མཉམ་དུ་ཡར་རྒྱས་བརྩོན་ལེན་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས་ད་དུང་ཡུག་རེན་དམག་འཁྲུག་དང་དབུས་ཤར་ས་ཁུལ་སོགས་ཀྱི་སྐོར་ལ་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། མུ་མཐུད་དུ་འཐབ་ཇུས་གླེང་མོལ་ལམ་སྲོལ་ཡག་པོ་སྤྱད་དེ་སྐད་ཆ་ཤོད་རེས་དང་རྒྱལ་སྤྱིའི་ལས་དོན་མཐུན་སྦྱོར་བྱ་རྒྱུར་མོས་མཐུན་བྱུང་ཡོད། །
འཕྲིན་སྟེགས། weikangba