རང་རྒྱལ་གྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ཐུན་མོང་ལག་བརྡ་དང་ལོང་ཡིག་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ།

2026-10-12
257

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱིས་སློབ་གསོ་རྒྱུགས་ལེན་དང་སྨན་བཅོས་སྲིད་དོན། ཁྲིམས་འཛིན། འཕྲལ་བསྟུན་རོགས་སྐྱོབ། འགྲིམ་འགྲུལ་སྐྱེལ་འདྲེན། ཚོང་ལས། རིག་གནས་ཡུལ་སྐོར་སོགས་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ནང་རྒྱལ་ཁབ་ཀྱི་ཐུན་མོང་ལག་བརྡ་དང་རྒྱལ་ཁབ་ཀྱི་ཐུན་མོང་ལོང་ཡིག་གི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། 

འདི་ནི་ཀྲུང་གོའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་སྡེ་ཁག7གྱིས་ཟླ10པའི་ཚེས9ཉིན་ཁྱབ་བསྒྲགས་བྱས་པའི《དུས་མཚམས་གསུམ་པའི་རྒྱལ་ཁབ་ཀྱི་ལག་བརྡ་དང་ལོང་ཡིག་ཚད་ལྡན་ཅན་དུ་གཏོང་བའི་བྱ་སྤྱོད་འཆར་གཞི(2026ལོ་ནས2030ལོ)》ཞེས་པའི་ནང་གསལ་སྟོན་བྱས་ཡོད།

ལག་བརྡ་དང་ལོང་ཡིག་ནི་ཐོས་ཤུགས་ཞན་པ་དང་མིག་ཤེས་ཞན་པའི་མི་སྣས་བེད་སྤྱོད་བྱེད་པའི་སྐད་ཡིག་དམིགས་བསལ་པ་ཞིག་ཡིན། མིག་སྔར་ལོང་ཡིག་སློབ་ཁྲིད་ཡོ་བྱད་མཁོ་སྤྲོད་མ་འདང་བ་དང་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་ལོང་ཡིག་མཚོན་རྟགས་མེད་པ་སོགས་ཀྱི་གནད་དོན་ད་དུང་ཡོངས་ཁྱབ་ཏུ་གནས་ཡོད། ལག་བརྡ་སྤྱོད་མཁན་ཚོས་ཆ་འཕྲིན་ལེན་པ་དང་ལས་དོན་སྒྲུབ་པར་སྟབས་བདེ་མེད་པའི་དཀའ་ངལ་སྔར་བཞིན་འཕྲད་བཞིན་ཡོད།

འཆར་གཞི་ལྟར་ན། ཏང་དང་སྲིད་གཞུང་ས་གནས་བཅས་ཀྱིས་སྤེལ་བའི་བྱེད་སྒོ་གལ་ཆེན་སོ་སོ་དང་རང་བྱུང་གནོད་འཚེ་དང་ལས་འཛོལ་གནོད་འཚེ། འཕྲོད་བསྟེན་བདེ་སྲུང་སྤྱི་ཚོགས་བདེ་འཇགས་སོགས་ཐོལ་བྱུང་དོན་རྐྱེན་སྐོར་གནས་ཚུལ་བརྡ་ཁྱབ་གཏོང་སྐབས། ཆ་རྐྱེན་འཛོམས་ཚེ་དུས་མཉམ་དུ་རྒྱལ་ཁབ་ཀྱི་ཐུན་མོང་ལག་བརྡ་ལོ་ཙཱ་བཀོད་སྒྲིག་བྱེད་པ་དང་རྒྱལ་ཁབ་ཀྱི་ཐུན་མོང་ལོང་ཡིག་རྒྱུ་ཆ་སྤྲོད་བྱེད་དགོས།

སྤྱི་ཚོགས་འཚོ་བའི་ཁྲོད་ཁྱབ་གདལ་བཀོལ་སྤྱོད་ལ་ཤུགས་སྣོན་བྱ་ཆེད། འཆར་གཞི་དེས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི་དཔེ་དེབ་དང་ཚགས་པར། སྨན་རྫས་ཁ་བྱང་གསལ་བཤད་ཡི་གེ་རྣམས་ལ་རྒྱལ་ཁབ་ཀྱི་ཐུན་མོང་ལོང་ཡིག་ཚུད་པའི་ཐོགས་མེད་རྣམ་པ་སྒྲིག་སྦྱོར་བྱེད་པར་སྐུལ་མ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཐུན་མོང་ལག་བརྡ་དང་ལོང་ཡིག་གིས་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་བསྡུར་ཆེན་པོ་དང་རིག་གནས་བྱེད་སྒོ་གལ་ཆེར་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ། དབང་པོ་སྐྱོན་ཅན་ལས་བྱེད་པ་དང་ཛ་དྲག་དོ་དམ། སྤྱི་ཚོགས་ཞབས་ཞུ་ལས་རིགས་འབྲེལ་ཡོད་མི་སྣ་ཚོར་ལག་བརྡ་སྦྱོང་བ་དང་ལོང་ཡིག་སྦྱོང་བའི་བྱེད་སྒོ་སྤེལ་བ་བཅས་བྱ་རྒྱུ། དེ་བཞིན་ལག་བརྡ་དང་ལོང་ཡིག་ཚད་ལྡན་ཅན་དང་ཆ་འཕྲིན་ཅན། ཐོན་ཁུངས་མཁོ་སྤྲོད། ཤེས་ལྡན་པ་གསོ་སྐྱོང་རྒྱལ་སྤྱིའི་སྤེལ་རེས་བཅས་ལ་ཤུགས་བྱེད་དགོས།

དམིགས་བསལ་སློབ་གསོའི་སློབ་གྲྭ་རུ། རྒྱལ་ཁབ་ཀྱི་ཐུན་མོང་ལག་བརྡ་དང་ལོང་ཡིག་ཚད་ལྡན་ངང་སྤྱོད་པ་དེ་སློབ་གྲྭ་དོ་དམ་དང་སློབ་ཚན་ཁྲིད་སྟོན། དཔྱད་ཞིབ་གདེང་འཇོག ལྟ་སྐུལ་མཛུབ་ཁྲིད་སོགས་ལྷུ་ཚིགས་ཡོངས་ལ་ཁྱབ་པ་བྱས་ཏེ། དགེ་རྒན་རྣམས་ཀྱི་སྐད་ཆ་བཤད་སྟངས་དང་ཡི་གེར་འཇུག་ཚུལ་གཞི་རྩའི་བླང་བྱ་དང་ལས་སྒོ་གདེང་འཇོག་ནང་དོན་དུ་བརྩི་རྒྱུ་རེད།  །


  • 顶