ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2030ལོར་བསླེབ་དུས། མི་འབོར་སྟོང་རེ་ལ་སླར་གསོ་ནད་གཡོག་ཉལ་ཁྲི་གྲངས་ཚད0.48ཡས་མས་སུ་སླེབས་རྒྱུ་དང་། མི་འབོར་མང་བ་དང་རྒན་རྒོན་ཅན་དུ་འགྱུར་བའི་ཚད་གཞི་གཏིང་ཟབ་པ། སླར་གསོ་ནད་གཡོག་ཞབས་ཞུའི་དགོས་མཁོ་ཆེ་བའི་གྲོང་ཁྱེར་ས་ཁུལ་སོ་སོ་རུ་ཉུང་མཐར་ཡང་སྤྱི་ཕན་རང་བཞིན་གྱི་སྨན་ཁང་གཅིག་དང་ནད་ཁང་འཛུགས་དགོས། མི་གྲངས་ཁྲི་རེར་སླར་གསོའི་སྨན་པ0.7དང་སླར་གསོའི་ལག་རྩལ་པ1.6ཡོད་པར་བྱེད་དགོས།
ཟླ10པའི་ཚེས8ཉིན་གསར་འགོད་པས་ཤེས་གསལ་ལྟར་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་ཉེ་ཆར《སྨན་བཅོས་སླར་གསོར་ཤུགས་སྣོན་པའི་ལས་གཞི་ལག་བསྟར་ཇུས་གཞི》ཞེས་པ་ཁྱབ་བསྒྲགས་བྱས་ཏེ། དམིགས་ཡུལ་དེ་དག་བཏོན་པ་རེད།
ཇུས་གཞིས་སྨན་བཅོས་སླར་གསོའི་ཐོན་ཁུངས་རྒྱ་སྐྱེད་པ་དང་ནུས་པ་མཐོར་འདེགས་གཏོང་བར་དམིགས་ནས་ལས་འགན་བྱེད་ཐབས13བཏོན་ཡོད། འདི་ནི་སྨན་བཅོས་སླར་གསོའི་ཞབས་ཞུ་མ་ལག་གི་སྒྲིག་གཞི་གོང་འཕེལ་འགྲོ་བར་མཛུབ་སྟོན་བྱེད་པའི་ཡིག་ཆ་གལ་ཆེན་ཞིག་ཡིན།
ཇུས་གཞིར་གཞིགས་ན་སྨན་བཅོས་སླར་གསོའི་ཞབས་ཞུ་དྲ་བ་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་ལས་ཁུངས་ཀྱི་སླར་གསོའི་བྱེད་ནུས་ཤུགས་ཆེར་གཏོང་བ། སླར་གསོའི་ནུས་རྩལ་ཆ་རྐྱེན་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་བསྒྲུབ་དགོས་པ་མ་ཟད། གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་འབུམ་ཕྲག་བརྒྱ་ཡན་ཟིན་པའི་ས་གནས་རིམ་པ་ཡན་ཆད་ཀྱི་གྲོང་ཁྱེར་གྱིས་སྨན་བཅོས་སླར་གསོར་ཤུགས་སྣོན་རྒྱག་པ་གཙོ་གནད་དུ་འཛིན་དགོས་ཞེས་གསལ་སྟོན་བྱས་ཡོད། 2030ལོའི་བར་དུ། སྨན་བཅོས་སླར་གསོར་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ནུས་པ་ཆ་ཚང་ལྡན་ཞིང་གོང་འོག་འབྲེལ་མཐུད་ཐུབ་པ། ཀྲུང་ཕྱི་ཟུང་འབྲེལ་ཡིན་པ། ཕན་ནུས་ཆེ་བ་བཅས་ཀྱི་ཞབས་ཞུ་མ་ལག་ཅིག་བསྐྲུན་ཐུབ་པ་བྱུང་སྟེ། མི་ཚོགས་ཡོངས་དང་ཕྱོགས་ཡོངས་ནས་ཚེ་སྲོག་ཧྲིལ་པོར་འཕྲོད་སྦྱོར་ཡོང་བའི་རེ་བ་སྐོང་ཐུབ།
སྨན་བཅོས་སླར་གསོའི་མི་སྣ་དཔུང་ཁག་སྟོབས་ཆེན་འཛུགས་པ་ལ། ཇུས་གཞིའི་ནང་དགོས་མཁོ་དངོས་གཞིར་བཟུང་ནས་སློབ་གྲྭ་ཆེན་མོ་དང་ལས་རིགས་སློབ་གྲྭའི་སླར་གསོའི་ཆེད་ལས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། སློབ་ཁྲིད་མཐུན་རྐྱེན་ཇེ་ལེགས་སུ་བཏང་ནས་སློབ་མ་བསྡུ་ཁྱོན་རྒྱ་བསྐྱེད་དེ་ལས་ཞུགས་འཚམ་མཐུན་ཡོང་བ་བྱེད་དགོས། སྨན་བཅོས་ལས་ཁུངས་ཀྱིས་སླར་གསོའི་སྨན་དོན་མི་སྣ་བགོ་འགྲེམས་བྱེད་སྟངས་ཚད་ལྡན་བཟོ་དགོས་པ་དང་། ལྷག་པར་དུ་ནད་གཞི་ལྗིད་པོ་དང་རུས་པ་ཆག་སྐྱོན་ཕོག་པ། དབང་རྩ་ཉམས་པ་སོགས་སྡེ་ཚན་གཙོ་བོ་རྣམས་སུ་སླར་གསོའི་ཤེས་བྱ་དང་ལག་ལེན་བྱང་ཆུབ་པའི་སྨན་དོན་མི་སྣ་སྔོན་ལ་བསྐོ་གཞག་བྱེད་དགོས།
འཆར་གཞི་ལྟར་ན་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ། ཞིང་ཆེན་སོ་སོར་ཉུང་མཐར་ཡང་སླར་གསོ་འམ་ཡང་ན་ནད་གཡོག་ཐད་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས་ཤིག་གསར་འཛུགས་བྱེད་ཆོག་པ་དང་། ཞིང་ཆེན་རིམ་པའམ་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་གསོ་རིག་ཞིབ་འཇུག་ལྟེ་གནས་གསར་པ་སྐྲུན་སྐབས་སླར་གསོ་དང་ནད་གཡོག་ཕྱོགས་སུ་དམིགས་བསལ་རྒྱབ་སྐྱོར་བྱེད་དགོས།"མི་ཐབས་རིག་ནུས+སླར་གསོ/ནད་གཡོག"ཅེས་པའི་ཞབས་ཞུ་སྤེལ་ཏེ། སླར་གསོའི་འཕྲུལ་ཆས་དང་གྱོན་ཆོག་པའི་ཡོ་བྱད་རིགས་བེད་སྤྱོད་བྱས་ནས་གཞི་གྲངས་སྣ་ཚོགས་ལྟ་ཞིབ་ཐུབ་པ་དང་། སླར་གསོའི་སྦྱོང་བརྡར་བློ་འདྲི་དང་ལུས་ཁམས་བདེ་སྲུང་གི་ཞབས་ཞུ་མཁོ་སྤྲོད་བྱེད་དགོས།
གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། སླད་ཕྱིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་འབྲེལ་ཐོག་ཇུས་གཞིའི་ནང་དོན་རེ་རེ་བཞིན་གོ་རིམ་ལྡན་པ་དང་ཕན་འབྲས་ཐོན་པའི་སྒོ་ནས་ལག་བསྟར་མཐར་ཕྱིན་བྱས་ཏེ། མི་དམངས་མང་ཚོགས་ཡོངས་ཀྱི་འཚོ་བ་ཧྲིལ་པོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བདེ་ཐང་གི་རེ་འདུན་ཡོངས་སུ་བསྐང་ཐབས་བྱ་རྒྱུ་ཡིན་པ་རེད། །
འཕྲིན་སྟེགས། weikangba