རྒྱལ་ཡོངས་ལྕགས་ལམ་གྱིས་རྒྱལ་སྟོན་དུས་ཆེན་གུང་གསེང་རིང་གི་ཕྱིར་ལོག་པའི་འགྲུལ་པ་མང་ཤོས་བསུས་པ།

2026-10-09
210

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས7ཉིན་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་གསལ་ལྟར་ན། ཚེས7ཉིན་ནི་རྒྱལ་སྟོན་དུས་ཆེན་གུང་གསེང་གི་ཉིན་མཐའ་མ་དེ་ཡིན་པ་དང་། རྒྱལ་ཡོངས་ལྕགས་ལམ་ཐོག་ཕྱིར་ལོག་བྱེད་མཁན་འགྲུལ་པ་མང་ཤོས་ཡིན་ལ། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི2415སྐྱེལ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར2449ཇེ་མང་དུ་གཏོང་རྩིས་ཡོད། ཟླ10པའི་ཚེས6ཉིན་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི2160.5སྐྱེལ་འདྲེན་བྱས་ཤིང་། སྐྱེལ་འདྲེན་བདེ་འཇགས་དང་བརྟན་ལྷིང་། གོ་རིམ་ལྡན་པ་བཅས་བྱུང་ཡོད། 

ལྕགས་ལམ12306སྔོན་ཚོང་བྱས་ཚུལ་ལ་བལྟས་ན། ཚེས7ཉིན་འགྲུལ་བ་ཐོན་ས་གྲོང་ཁྱེར་གཙོ་བོ་ནི་པེ་ཅིན་དང་། ཀོང་ཀྲོའུ། ཁྲེང་ཏུའུ། ཞི་ཨན། ཝུའུ་ཧན། ཧང་ཀྲོའུ། ཁྲུང་ཆིང་། ཧྲང་ཧའེ། ཀྲེང་ཀྲོའུ། ཁྲང་ཧྲ་བཅས་ཡིན་པ་དང་། འབྱོར་ས་གྲོང་ཁྱེར་གཙོ་བོ་ནི་པེ་ཅིན་དང་ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཧྲེན་ཀྲེན། ཝུའུ་ཧན། ཞི་ཨན། ཧང་ཀྲོའུ། ཀྲེན་ཀྲོའུ། ནན་ཅིན་བཅས་དང་། ནན་ཉིང་ནས་ཀོང་ཀྲོའུ་བར་དང་། པེ་ཅིན་ནས་ཧྲང་ཧའེ་བར། ཧྲེན་དབྱང་ནས་པེ་ཅིན་བར། ཝུའུ་ཧན་ནས་ཧྲང་ཧའེ་བར། ཐའེ་ཡོན་ནས་པེ་ཅིན་བར། ཞི་ཨན་ནས་ཁྲེང་ཏུའུ་ལ་འགྲོ་འོང་། ཝུའུ་ཧན་ནས་ཧྲེན་ཀྲེན་བར། ཏ་ཐུང་ནས་པེ་ཅིན་བར་སོགས་ཀུན་གྱིས་དོ་སྣང་བྱེད་པའི་ས་ཁོངས་སུ་འགྲུལ་རྒྱུན་ལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་རེད།

ས་གནས་སོ་སོའི་ལྕགས་ལམ་སྡེ་ཚན་གྱིས་སྐྱེལ་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་ཧུར་ཐག་གིས་སྔོག་འདོན་བྱས་ནས། དམངས་ཕན་བྱེད་ཐབས་དོན་འཁྱོལ་བྱས་ཏེ། འགྲུལ་པ་བདེ་བླག་ངང་ཕྱིར་ལོག་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། རྒྱལ་ཁབ་ལྕགས་ལམ་ཞི་ཨན་ཅུས་ཀྱིས་ཀུན་གྱིས་དོ་སྣང་བྱེད་པའི་ཕྱོགས་ཀྱི་འགྲུལ་སྐྱེལ་མེ་འཁོར313ཁ་སྣོན་བྱས་པའི་ནང་། གསར་དུ་ཤར་གཏོང་དང་གཉེར་སྐྱོང་བྱས་པའི་ཞི་ཁང་མྱུར་བགྲོད་ལྕགས་ལམ་གྱིས་ཤུགས་འགྲེམས་མེ་འཁོར31བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཧྲང་ཧའེ་ཅུས་ཀྱིས་འགྲུལ་སྐྱེལ་མེ་འཁོར557ཇེ་མང་དུ་བཏང་བ་དང་། ཤུགས་འགྲེམས་མེ་འཁོར427བསྐྱར་དུ་འཁོར་སྐྱོད་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། ཧྲང་ཧའེ་ས་ཁུལ་གྱི་མེ་འཁོར་འབབ་ཚུགས་ཀྱིས་ས་ཚིགས་ཁུལ་གྱི་ཞབས་ཞུ་དང་ཁྲིད་སྟོན་བྱེད་ཐབས་ཁྱོན་ཡོངས་ནས་རིམ་སྤོར་བྱས་ཏེ། ས་ཚིགས་ཁུལ་དོ་དམ་ཨུ་ལྷན་དང་། ས་འོག་ལྕགས་ལམ། སྤྱི་སྤྱོད་འགྲིམ་འགྲུལ་སོགས་སྡེ་ཚན་ལ་མཉམ་འགུལ་བྱས་ནས་གཞི་གཅིག་ཅན་གྱི་འགྲིམ་འགྲུལ་སྣེ་ལེན་མ་ལག་བཙུགས། རྒྱལ་ཁབ་ལྕགས་ལམ་ཁྲེང་ཏུའུ་ཅུས་ཀྱིས་ཀུན་གྱིས་དོ་སྣང་བྱེད་པའི་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར497ཁ་སྣོན་བྱས་པའི་ནང་། མཚན་མོའི་ཤུགས་འགྲེམས་མེ་འཁོར154ཡོད་པ་དང་། ཁྲེང་ཏུའུ་འབབ་ཚུགས་ཤར་མར་མཚན་གང་འཁོར་སྐྱོད་བྱེད་པ་ལག་བསྟར་བྱས། ། 

 


  • 顶