ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ10པའི་ཚེས7ཉིན་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། ཟླ10པའི་ཚེས7ཉིན་གྱི་ཆུ་ཚོད19བར་རྒྱལ་ཡོངས་ཀྱི་བགྲོད་ལམ་འགྲིམ་འགྲུལ་སྤྱིའི་ཆ་ནས་བརྟན་རླིང་དང་གོ་རིམ་ལྡན་པ་དང་། དུས་མཚམས་ཁག་ཅིག་དང་ལམ་དུམ་ཁག་ཅིག་ཏུ་རླངས་འཁོར་འགྲོ་སྐྱོད་དལ་མོ་ཡིན་པ་ཕུད། དུས་ཡུན་རིང་པོར་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཐོན་མེད་པ་དང་། བགྲོད་ལམ་འགྲིམ་འགྲུལ་ལས་འཛོལ་ཚབས་ཆེན་བྱུང་མེད་པ་རེད།
2026ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་རིང་ཡུལ་སྐོར་དང་། གཉེན་ཉེ་ཐུག་འཕྲད་བྱེད་མཁན། སློབ་མ་བཅས་ཀྱི་འགྲོ་སྐྱོད་ཇེ་མང་དུ་ཕྱིན་པ་དང་། ཐག་རིང་ཡུལ་སྐོར་དང་སྒེར་འཁོར་ཡུལ་སྐོར་བྱེད་པ་གཅིག་སྡུད་ཡིན་པས། རྒྱལ་ཡོངས་སུ་འགྲུལ་པ་དང་རླངས་འཁོར་མང་པོ་ཡོངས་ཁྱབ་ངང་ཇེ་མང་དུ་སོང་སྟེ། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་འབུར་ཐོན་དུ་གྱུར་ཡོད། རྒྱལ་ཡོངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྤྱི་བདེ་པུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་འཛོལ་སྔོན་འགོག་དང་བདེ་འཇགས་སྲུང་སྐྱོབ། ཤར་བགྲོད་འགན་ལེན་བཅས་ལ་དམིགས་ནས། གུང་གསེང་རིང་གི་ཕྱིར་སྐྱོད་ཆོས་ཉིད་དང་། ས་ཁོངས་འགྲིམ་འགྲུལ་གྱི་ཁྱད་ཆོས། དེ་བཞིན་འགྲིམ་འགྲུལ་རྒྱུག་ཚད་ཀྱི་འགྱུར་ལྡོག་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ། དབྱེ་ཞིབ་དང་བརྡར་གཅོད་ལ་ཤུགས་སྣོན་དང་། གཙོ་གནད་ལམ་དུམ་གྱི་དོ་དམ་གཟབ་ནན། གཙོ་གནད་ཁྲིམས་འགལ་ཞིབ་བཤེར་ནན་མོ། འཕྲལ་སྡོམ་དོ་དམ་ལ་ཤུགས་སྣོན་བཅས་ཀྱིས་ཤུགས་ཆེན་པོས་རྒྱལ་ཡོངས་ཀྱི་གཞུང་ལམ་འགྲོ་སྐྱོད་ཤར་གཏོང་ལ་ཁག་ཐེག་བྱས།
སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བ་ཚོར་གུང་གསེང་མཇུག་འགྲིལ་ཉེར་ཡོད་པ་དང་མ་འོངས་པའི་ཉིན་ཤས་ནང་ཕྱིར་ལོག་བྱེད་མཁན་སྔར་བཞིན་ཡོད་པས། རླངས་འཁོར་བཏང་ནས་ཕྱིར་ལོག་བྱེད་སྐབས་ངེས་པར་དུ་སྒྲིག་སྲོལ་དང་ཁྲིམས་ལུགས་བརྩི་སྲུང་ཞུ་དགོས་པ་ལས། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་གཏོང་བ་དང་། ངལ་དུབ་ཀྱིས་ཁ་ལོ་གཏོང་བ། སེམས་གཡེང་ནས་རླངས་འཁོར་གཏོང་བ་བཅས་གཏན་ནས་བྱེད་མི་རུང་། ལམ་རྒྱུད་ཀྱི་གནམ་གཤིས་དང་ལམ་གྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ། མཚན་མོར་བསྐྱོད་པའམ་ཆར་སྨུག་སོགས་གནམ་གཤིས་ངན་པར་འཕྲད་དུས། ངེས་པར་དུ་བདེ་འཇགས་ཀྱི་མྱུར་ཚད་དང་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །
འཕྲིན་སྟེགས། weikangba