སྤྱི་བདེ་པུས་ཕྱིར་ལོག་བྱེད་མཁན་གྱི་འགྲུལ་པ་ཚོར་དྲན་སྐུལ་བྱས་དོན།

2026-10-06
317

རྒྱལ་སྟོན་གུང་གསེང་གི་ཉིན་ལྔ་པར།  རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མའི་འགྲིམ་འགྲུལ་རྒྱུན་མཐུད་ངང་འཁོར་རྒྱུག་བྱེད་ཚད་མཐོ་པོར་སླེབས་ཡོད། གྲོང་ཁྱེར་ཆེ་འབྲིང་གི་ཉེ་འཁོར་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་གྱི་ལམ་དུམ་ཁག་གཅིག་དང་། དུས་མཚམས་ཁག་གཅིག་ལ་རླངས་འཁོར་འགྲོ་འགོར་བའི་གནས་ཚུལ་ཐོན་པ་ཕུད། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གཙོ་བོ་དང་། རྒྱལ་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཨ་མ་སྤྱིའི་ཆ་ནས་ཤར་གཏོང་བདེ་འཇགས་དང་བདེ་བླག་བྱུང་ཡོད།

དེ་རིང་ནས་བཟུང་འགྲུལ་པ་ཕྱིར་ལོག་བྱེད་མང་བའི་དུས་ཚོད་སླེབས་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་བརྡ་བཏང་བར་གཞིགས་ན། ལྷོ་ནུབ་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་དང་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པས། ཕྱིར་སྐྱོད་ཀྱི་འགྲོ་ལམ་གནས་ཚུལ་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད།

སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་རྒྱ་ཆེའི་ཁ་ལོ་བར་དྲན་སྐུལ་བྱས་དོན། 

དང་པོ། གུང་གསེང་རིང་ཕྱིར་ལོག་སྐབས་ལམ་རྒྱུད་ཀྱི་འགྲིམ་འགྲུལ་དང་གནམ་གཤིས་འགྱུར་ལྡོག་ལ་སྔ་སྣུར་དུ་དོ་ཁུར་བྱས་ཏེ་ཕྱིར་སྐྱོད་ལམ་ཐིག་འཆར་འགོད་ལུགས་མཐུན་བྱེད་དགོས།

གཉིས་པ། རླངས་འཁོར་ཐག་རིང་པོ་བཏང་ན་ལུས་པོ་ཐང་ཆད་སླ་བས། ངལ་གསོ་གང་ལེགས་རྒྱག་དགོས་པ་དང་། རླངས་འཁོར་གཏོང་བའི་ལམ་བར་དུ་ངལ་དུབ་བྱུང་ན་དུས་ཐོག་ཏུ་ངལ་གསོ་རྒྱག་དགོས།

གསུམ་པ། མདུན་ཕྱོགས་ཀྱི་རླངས་འཁོར་དལ་པོར་སྐྱོད་པའམ་ཡང་ན་འགྲིམ་འགྲུལ་དོན་རྐྱེན་ཐོན་སྐབས་མི་དམངས་ཉེན་རྟོག་པའི་བཀོད་འདོམས་ལ་ཉན་ནས་གོ་རིམ་ལྡན་པའི་ངང་གྲལ་སྒྲིག་པ་དང་འགྲོ་སྐྱོད་བྱེད་དགོས་པ་ལས་བཙན་བཤེད་ཀྱིས་འགྲོ་ལམ་བཀག་པའམ་བར་འཚང་རྒྱག་པ་སོགས་བྱེད་མི་རུང་། 

བཞི་པ། མྱུར་བགྲོད་གཞུང་ལམ་ནས་ཐོན་སྐབས་སྔོན་ལ་ཆེས་གཡས་ངོས་ཀྱི་འཁོར་ལམ་དུ་ཟླ་སྒྲིལ་གཏོང་བ་དང་། གལ་ཏེ་ཐོན་སྒོ་ཤོར་ཚེ་མུ་མཐུད་ནས་ཐོན་སྒོ་རྗེས་མ་ནས་ཁ་ཕྱིར་འཁོར་ནས་ཕྱིར་ལོག་གནང་དགོས། ཐོན་སྒོ་ནས་བཙན་ཤེད་ཀྱིས་ལམ་ཐིག་བརྗེ་བ་དང་ཕྱིར་སྣུར་བྱེད་པ་དང་ལྡོག་སྐྱོད་བྱེད་པ་སོགས་བྱེད་མི་རུང་།  

ལྔ་པ། གུང་གསེང་རིང་གཉེན་ཉེ་དང་གྲོགས་པོ་མཉམ་འཛོམས་བྱས་ཏེ་ཆང་རག་མང་པོ་འཐུང་གི་ཡོད་པས། “རླངས་འཁོར་གཏོང་དགོས་ན་ཆང་རག་མི་འཐུང་བ་དང་། ཆང་རག་བཏུང་བའི་རྗེས་རླངས་འཁོར་མི་གཏོང་བ་” ཞེས་པ་དེ་བློ་ལ་བརྟན་པོར་ངེས་ནས་སྟེས་དབང་གི་བསམ་བློ་གཏན་ནས་འཆང་མི་རུང་བ་བཅས་སོ།།


  • 顶