ཧན་ཀྲེང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

2026-09-30
400

ས་གནས་དེའི་དུས་ཚོད་ཟླ9པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཉིག་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས26ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཉིག་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་སྤྱིར་བཏང་རང་བཞིན་གྱི་བགྲོ་གླེང་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།  

ཧན་ཀྲེང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བས་མཐའི་འགལ་བ་མུ་མཐུད་དུ་ཆེ་རུ་སོང་ཡོད་པ་དང་འཕེལ་རྒྱས་ཀྱི་ཧེ་བག་མུ་མཐུད་ཆེ་རུ་ཕྱིན་ཡོད། གོ་ལ་རང་བཞིན་གྱི་འགྲན་སློང་རྫོགས་མཐའ་མེད་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དང་། གོ་ལ་ཧྲིལ་བོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་བོའི་དཔལ་ཡོན་གྱི་གྲོས་འགོ གོ་ལ་ཧྲིལ་བོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ཏེ།  མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའཛུགས་པར་འཐབ་ཇུས་ཀྱི་ཁྲིད་སྟོན་འདོན་སྤྲོད་བྱས། རྒྱལ་ཁབ་མང་པོས་ལག་གདང་སྦྲེལ་ཏེ།  ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་དཀའ་ངལ་ལ་གདོང་གཏད་དེ།  མིའི་རིགས་ཀྱི་ཐུན་མོང་གི་བདེ་སྐྱིད་གོང་དུ་སྤེལ། 

ཧན་ཀྲེང་གིས་གྲོས་འགོ་བཞི་བཏོན་ཡོད་དེ།  གཅིག་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ།  ཐུན་མོང་བདེ་འཇགས་ལ་བརྟེན་ནས་ཡུན་རིང་ཞི་བདེ་བསྐྲུན་རྒྱུ་དེ་ཡིན།  ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པ་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ། འཇམ་འཐབ་ཀྱི་བསམ་གཞིགས་དང་དཔུང་ཁག་གི་འགྲན་རྒོལ་དོར་བ། གླེང་མོལ་དང་གྲོས་མོལ་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་སེལ་རྒྱུ་རྒྱུན་འཁྱོངས་བྱ་དགོས།  གཉིས་ནི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་དཀའ་ངལ་ལ་ཐད་ཀར་དམིགས་ཏེ།  སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་མཉམ་དུ་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས། འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་ལྟེ་བའི་གོ་གནས་སུ་བཞག་སྟེ། མཐུན་སྒྲིལ་དང་འདྲ་མཉམ། དོ་མཉམ། ཀུན་ཕན་བཅས་ཀྱི་གོ་ལ་ཧྲིལ་བོའི་གླིང་འཕེལ་རྒྱས་ཀྱི་གྲོགས་པོའི་འབྲེལ་བ་མཉམ་དུ་འཛུགས་དགོས།

ག གསུམ་ནི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་རྒྱུར་སྐུལ་འདེད་བཏང་ནས་འབྲེལ་འདྲིས་དང་། གླེང་མོལ། བསྐྱར་སྐྲུན། མཐུན་སྒྲིལ། ཕན་ཚུན་ཡིད་ཆེས་བཅས་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟེགས་བུར་གཞི་བཙུགས་ཏེ་རྒྱལ་སྤྱིའི་མི་ཚུལ་རིག་གནས་སྤེལ་རེས་ལ་ཤུགས་རྒྱག་པ་དང་།  རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་ཡོང་བར་སྐུལ་སྤེལ་གཏོང་བ། སྣ་མང་དཔལ་ཡོན་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་དགོས། བཞི་ནི་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་སྲུང་སྐྱོང་དང་སྟོབས་ཆེར་གཏོང་དགོས།

ཧན་ཀྲེང་གིས་བསྟན་དོན། 1971ལོར་ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་པ་དེས་ཀྲུང་གོ་དང་འཛམ་གླིང་ཡོངས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན། ལོ་ངོ55ཡི་རིང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གཡོ་འགུལ་ཆེ་བའི་བརྟན་ལྷིང་གི་སྟོབས་ཤུགས་ཤིག་དང་། ཞི་བདེ་དང་བདེ་འཇགས་ཟིན་ཐོ་ཡི་རྒྱལ་ཁབ་ཆེན་པོ་ཡིན། ནམ་ཡང་ཐུན་མོང་གོང་འཕེལ་གྱི་རྐང་འཛིན་སྟོབས་ཤུགས་ཡིན་ཞིང་། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་བཞག་ཚད་དུས་ཡུན་རིང་པོར་བརྒྱ་ཆའི་སུམ་ཅུ་ཡས་མས་སུ་སྲུང་འཛིན་བྱས་ཡོད། ཐོག་མཐའ་བར་གསུམ་དུ་འཕོ་འགྱུར་དུས་རབས་ཀྱི་ཡར་ཐོན་སྟོབས་ཤུགས་ཡིན་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་དམ་བཅའ་འགྱུར་མེད་དང་། འདྲ་མཉམ་དྲང་གཞག་སྲུང་སྐྱོང་བྱེད་པ་བློ་བརྟན་འགྱུར་མེད་ཡིན་ལ། ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་ནམ་ཡང་འགྱུར་མེད་ཡིན། ཀྲུང་གོས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད། མིའི་རིགས་ཀྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་བསྐྲུན་དགོས།  

ཉིག་ཡོག་ཏུ་བཞུགས་དུས། ཧན་ཀྲེང་གིས་པུར་ཀ་རི་ཡའི་སྲིད་འཛིན་ཡུའེ་ཐའོ་ཝ་དང་། སེར་ཝེ་ཡའི་སྲིད་འཛིན་ཝུའུ་ཆི་ཆི།  སེབ་རུ་སིའི་སྲིད་འཛིན་ཧི་ལི་སི་ཐའོ་ཙུའུ་ལི་ཅེ་སི། ཀག་ནའི་སྲིད་འཛིན་མ་ཧ་མ། ཇི་ལི་པ་སིའི་སྲིད་འཛིན་མཱ་མའོ་བཅས་སོ་སོར་མཇལ་འཕྲད་གནང་། ཕྱི་ཕྱོགས་ཀྱི་འགོ་ཁྲིད་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་རབ་དང་རིམ་པར་ཚད་མཐོའི་གདེང་འཇོག་གནང་བར་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་དང་། རྒྱལ་ཁབ་ཁག་གི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་དམ་སྲུང་བྱ་རྒྱུ་བསྐྱར་བསྒྲགས་བྱས་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། མི་དམངས་ཀྱི་བདེ་སྐྱིད་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད། །


  • 顶