ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས28ཉིན། “ཀྲུང་གོའི་མི་བཟང་མིང་ཐོ”ཡོངས་བསྒྲགས་མཛད་སྒོ་ཅི་ལིན་ལྕགས་ལམ་ལས་རིགས་ལག་རྩལ་སློབ་ཆེན་དུ་གཉེར་བ་དང་། ཡུལ་དངོས་སུ2026ལོའི“ཀྲུང་གོའི་མི་བཟང་མིང་ཐོ”ཁག་གསུམ་པ་ཡོངས་བསྒྲགས་བྱས་པ་རེད། ས་གནས་ཁག་གིས་འོས་སྦྱོར་དང་། དྲ་གྲོགས་ཀྱིས་དཔྱད་མོལ། ཆེད་མཁས་པས་དཔྱད་ཞིབ་སོགས་ཀྱི་གོ་རིམ་བརྒྱུད། གཞན་ལ་རོགས་རམ་བྱེད་པར་དགའ་བ་དང་། བདེན་མཐོང་དཔའ་སྐྱེད། ཡིད་རྟོན་ཚིག་གནས། ལས་བཀུར་སྐྱེས་འབུལ། རྒན་བཀུར་གཉེན་གཅེས་བཅས་ཀྱི་ཉེ་འགྲམ་གྱི་མི་བཟང་པོ150གཟི་བརྗིད་ངང་མིང་ཐོའི་ནང་ཚུད།
མིང་ཐོའི་ནང་ཚུད་པའི་མི་བཟང་པོའི་ཁྲོད། སྡེ་ཁུལ་བཅོས་སྐྱོང་གི“སྐྱ་དམག”དང་། འཁོར་ལོའི་ཐོག་ནས་འགན་འཁྲི་འཇལ་བའི་མངག་སྐྱེལ་པ་ཝང་ཡུང་དང་། ཁྲོམ་གཞུང་དུ་ལག་སྟོང་དུ་གྲི་འགོག་པ་དང་ཚེ་སྲོག་གིས་ན་གཞོན་སྲུང་སྐྱོབ་བྱེད་མཁན་གྱི་ལོ་བདུན་ཅུ་ལ་སླེབས་པའི་རྒན་རྒོན་ཏེང་ཀེན་ཙེ། ནད་པ་གཉེན་ཉེར་བརྩིས་ནས་མཛེ་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོར་རྩ་བ་ཚུགས་ནས་ལོ་ངོ34འགོར་བའི་རིམས་ནད་འགོག་སྡོམ་སྨན་པ་ཀེ་ཅིན་ཧུའེ། རི་རྡིབ་པའི་ཉེན་ཁའི་འགག་རྩར་ལྡོག་ཕྱོགས་སུ་བསྐྱོད་དེ་མང་ཚོགས་སྒྲིག་འཛུགས་བྱས་ནས་ཉེན་གཡོལ་བྱེད་སྐབས་སྟབས་མ་ལེགས་པར་རང་སྲོག་ཤོར་བའི“00པའི་རྗེས”ཀྱི་སྡེ་ཁུལ་གྱི་དྲ་མིག་པ་ཀུང་པའོ་ཏུང་། ཉིན་མཚན་དྲུག་སྟོང་ལྷག་ལ་ནད་གཞི་ཕོག་པའི་མནའ་མར་ལྟ་སྐྱོང་ཞིབ་ཚགས་བྱེད་པ་དང་། ལྷག་བསམ་རྣམ་དག་གིས་ཁྱིམ་ཚང་སྲུང་སྐྱོང་བྱེད་མཁན་གྱི་སྒྱུག་མོ་བཟང་པོ་ཀྲང་པའོ་ཀྲུའུ་བཅས་ཡོད། ཁོང་ཚོ་ཚང་མ་སྤྱིར་བཏང་གི་མི་ཡིན་མོད། འོན་ཀྱང་ལྷག་བསམ་རྣམ་དག་གི་དགེ་བའི་བྱ་སྤྱོད་ལ་བརྟེན་ནས་སྤྱིར་བཏང་མིན་པའི་གྲུབ་འབྲས་བསྐྲུན་པ་དང་། དུས་རབས་གསར་པའི་སྤྱོད་བཟང་ལ་བརྩི་མཐོང་དང་དགེ་པར་ཕྱོགས་པའི་སྤྱི་ཚོགས་ཀྱི་དར་སྲོལ་མངོན་པར་བྱས་ཡོད། བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་གོའི་མི་བཟང་འཐུས་མི་ཧྲེན་ཏུང་དང་། དབྱང་ཡུན་ཡན། ཅར་ཁེན་པེ་ཁེ·ན་སི་དབྱི་ཨའོ་ལ། ཝང་ལིན་ཧུའེ། ལིའུ་ཡིང་བཅས་ཀྱིས་མི་སེམས་འགུལ་བའི་མཛད་རྗེས་མཉམ་སྤྱོད་བྱས་པ་དང་། རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་དང“དུས་རབས་གསར་པའི་ལོ་ཆུང་བཟང་པོ”སོགས་ཀྱིས་ཁོང་ཚོ་དང་ཡུལ་དངོས་སུ་སྤེལ་རེས་བྱས་པ་རེད།
ད་ཐེངས་ཀྱི་ཡོངས་སྒྲོག་མཛད་སྒོ་དེ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་བསམ་པའི་དཔལ་ཡོན་དྲ་བ་དང་། གློག་བརྙན་འཕྲིན་ལམ་ལེ་ཚན་ལྟེ་གནས། ཀྲུང་གུང་ཅི་ལིན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ(ཅི་ལིན་ཞིང་ཆེན་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང)བཅས་ཀྱིས་གཉེར་འགན་འཁུར་ལ། ཀྲུང་གུང་ཅི་ལིན་གྲོང་ཁྱེར་ཏང་ཨུ་དྲིལ་སྒྲོག་པུའུ(ཅི་ལིན་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་དོན་ཁང)ཡིས་རོགས་སྒྲུབ་བྱས་པ་རེད། །
འཕྲིན་སྟེགས། weikangba