ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་གྲོས་མོལ་མཛད་པ།

2026-09-28
253

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཐི་ལིང་ཕུའུ་དང་མཉམ་དུ་ཕོ་བྲང་དཀར་པོ་ནས་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལོ་ཕྱེད་མ་འགོར་བར་ཕན་ཚུན་ལ་འཚམས་འདྲི་གནང་བ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ལོ་རྒྱུས་སྟེང་སྔར་བྱུང་མྱོང་མེད། ང་དང་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གྲུ་གཟིངས་ཆེན་པོ་འདིར་སྣེ་ཁྲིད་དང་ཁ་ལོ་སྒྱུར་བཞིན་ཡོད། ད་ལོའི་ཟླ་ལྔ་པར་ང་དང་སྲིད་འཛིན་ཐི་ལིང་ཕུའུ་གཉིས་ཀྱིས་གཅིག་མཐུན་ཏུ་ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་འཛུགས་རྒྱུའི་ཐག་བཅད། ངེས་གནས་གསར་པ་འདིས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་དོན་དངོས་མཚོན་ཡོད་ཅིང་། མ་འོངས་བའི་རེ་བའང་མཚོན་ཡོད་པས་རྒྱལ་ཁབ་གཉིས་ཡང་དག་པར་མཉམ་གནས་ཐུབ་པའི་ལམ་དུ་བསྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་ཀྱང་རེད། ང་ཚོས་ཕུགས་འདུན་འདི་བྱ་སྤྱོད་དུ་བསྒྱུར་ཏེ། མཉམ་ལས་གཙོ་བོར་འཛིན་པ་དང་། འགྲན་རྩོད་ལ་ཚད་ཡོད་པ། ཕྱོགས་འགལ་ལ་ཚོད་འཛིན་ཐུབ་པ། ཞི་བདེར་རེ་བ་ཡོད་པ་བཅས་ཀྱི་ཕྱོགས་སུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་ཆེན་པོ་གཉིས་ཡང་དག་པར་མཉམ་གནས་ཐུབ་པའི་ལམ་ཞིག་གཏོད་དགོས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་དངོས་གཉེར་མཉམ་ལས་ཁྲོད་གཉིས་ཕན་མཉམ་རྒྱལ་བྱེད་དགོས་ཤིང་། འགྲན་རྩོད་བཟང་པོའི་ཁྲོད་ཕན་ཚུན་ལ་གྲུབ་འབྲས་སྐྲུན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་ཕྱོགས་འགལ་ཐག་གཅོད་ལེགས་པོ་བྱེད་པ། ཕན་ཚུན་ལ་ཡིད་ཆེས་བྱེད་པའི་ཁྲོད་ཞི་བདེ་སྐྲུན་ཏེ་ཀྲུང་གོ་དང་ཨ་རིའི་འཛུགས་སྐྲུན་རང་བཞིན་གྱི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་བས་ལེགས་པའི་ཕན་བདེ་སྐྲུན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་བྱས་ཏེ། མཉམ་འབྲེལ་གྱི་བཀོད་སྒྲིག་གསར་པ་ཞིག་བྱུང་ཞིང་། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་ལས་རིགས་དང་དམངས་ཚོགས། དེ་མིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཚོན་ན་གཏམ་བཟང་ཞིག་རེད། མཉམ་ལས་ནི་གཉིས་འགྲོའི་ལམ་ལྟ་བུ་ཞིག་ཡིན་ལ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བརྟན་པོ་ཡོང་བར་མཉམ་ལས་ཀྱི་གསལ་ཐོ་རིང་བོ་བཟོ་དགོས་ཤིང་། གནད་དོན་གྱི་གསལ་ཐོ་བཙིར་གནོན་བྱེད་དགོས། འདྲ་མཉམ་དང་བརྩི་འཇོག གཉིས་ཕན་བཅས་ཀྱི་དགོངས་དོན་རྒྱུན་འཁྱོངས་བྱས་ཚེ་གནད་དོན་ཐག་གཅོད་པའི་ཐབས་ལམ་རྙེད་ཐུབ། ཕྱོགས་གཉིས་ཕན་ཚུན་དུ་བསྐྱོད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་རྒྱུན་མཐུད་དང་བརྟན་པོ་ཡོང་བ་དང་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་རི་གཉིས་ནི་མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ཕྱོགས་གཉིས་ཀར་འགྲན་རྩོད་ཡོད་ཅིང་སྔར་བས་མཉམ་ལས་བྱེད་ཆོག་པས་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་ལས་ཕན་ཚུན་འགོག་སྲུང་བྱེད་མི་རུང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མི་ཐབས་རིག་ནུས་ཀྱི་གླེང་མོལ་བྱས་ཆོག་ལ། དེའི་ཉེན་ཁ་དང་ཁེ་ཕན་ཐད་སྤེལ་རེས་བྱས་ནས་ཐུན་མོང་གིས་མི་ཐབས་རིག་ནུས་ལོག་སྤྱོད་དང་ངན་སྤྱོད་ལ་སྔོན་འགོག་བྱེད་དགོས། མིའི་རིགས་ཀྱིས་མི་ཐབས་རིག་ནུས་ལག་རྩལ་ལ་དོ་དམ་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། མི་རྩ་བར་འཛིན་པ་དང་ཡར་བརྩོན་གྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་ཀྱིས་མིའི་རིགས་ཀྱི་ཡར་རྒྱས་ལ་ཞབས་འདེགས་ཞུ་རུ་འཇུག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་ནི་ཧ་ཅང་གསལ་པོ་ཡིན། ཨ་རིའི་ཕྱོགས་ཀྱིས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པའི་ཡང་དག་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པའི་རེ་བ་ཡོད་ལ། ཐའེ་ཝན་གྱི་གནད་དོན་ཐག་གཅོད་གཟབ་ནན་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས།

ཐི་ལིང་ཕུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ཐེངས་འདིར་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་ནི་རླབས་ཆེན་གྱི་འཚམས་འདྲི་ཞིག་རེད། ཨ་རི་དང་ཀྲུང་གོ་གཉིས་ནི་རྒྱལ་ཁབ་ཆེན་པོ་ཡིན་ལ། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་ནི་གྲོགས་པོ་བཟང་བོ་ཡིན་ཞིང་འབྲེལ་འདྲིས་ཟབ་མོ་རྒྱུན་འཁྱོངས་བྱས་ཡོད།  ང་ཚོའི་འགོ་ཁྲིད་འོག་ཨ་རི་དང་ཀྲུང་གོའི་འབྲེལ་བ་ཡག་པོ་ཡོང་ཐུབ་ངེས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རེས་སྐོར་གསར་པའི་གྲོས་མོལ་ལ་གྲུབ་འབྲས་གསར་པ་བླངས་ཡོད་ལ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གླེང་མོལ་བྱས་ཏེ་སྔར་ལས་ལེགས་པའི་གྲོས་མཐུན་འཇོག་དགོས། མི་ཐབས་རིག་ནུས་དེ་མིའི་རིགས་ཀྱི་མ་འོངས་བར་འབྲེལ་བ་ཡོད་པས་ཨ་རི་དང་ཀྲུང་གོས་དེའི་ཐད་ཀྱི་གླེང་མོལ་རྒྱུན་འཁྱོངས་དང་མཉམ་ལས་ལ་ཤུགས་སྣོན་དགོས།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་དབུས་ཤར་གྱི་གནས་བབ་དང་ཝུའུ་ཁི་ལན་གྱི་ཉམས་ཉེན། ཁྲའོ་ཞན་ཕྱེད་གླིང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་མཛད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཏེ2026ལོའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཡག་པོ་གཉེར་རྒྱུའི་གཏན་འཁེལ་གནང་།

ཚའེ་ཆི་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་གོང་གསལ་གྱི་འབྲེལ་ཡོད་བྱེད་སྒོར་ཞུགས། །


  • 顶