
ཟླ9པའི་ཚེས21ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཅི་ལིན་དང་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ9པའི་ཚེས21ཉིན་ནས་ཚེས24ཉིན་བར་ཅི་ལིན་དང་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྔར་བས་རང་རྟོགས་དང་བྱེ་བྲག་གི་སྒོ་ནས་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། འཐུས་ཚང་དུ་གཏོང་བ། འཁོར་སྐྱོད་ལེགས་པོ་བྱེད་པ། སྤུས་ཚད་མཐོ་བའི་སྒོ་ནས་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བ་ལེགས་པོར་བསྒྲུབས་ཏེ“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ལག་བསྟར་དོན་འཁྱོལ་དང་། ས་གནས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་སྐུལ་འདེད་དང་འགན་ལེན་བྱ་བར་འབུལ་འོས་པའི་སྟོབས་ཤུགས་འབུལ་དགོས།
ཀྲའོ་ལེ་ཅི་སྔ་རྗེས་སུ་སི་ཕིང་དང་ཁྲང་ཁྲུན། ཧ་ཨར་པིན། ཆི་ཆི་ཧ་ཨར་སོགས་སུ་ཕེབས་ནས། འཐུས་མིའི་ཁྱིམ་ཚང་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས། མཁར་སྡེ་དང་གྲོང་གསེབ། ཁེ་ལས་བཅས་སུ་ཟབ་ཞུགས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། མང་ཚོགས་དང་ངོ་ཐུག་ནས་གླེང་མོལ་བྱས་ནས། བསམ་འཆར་གྲོས་འགོ་ལ་གསན། ཁོང་གིས་ནན་གྱིས་བསྟན་དོན། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ལག་བསྟར་བྱ་རྒྱུ་དེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་སྐྱེ་སྟོབས་དང་ནུས་ཤུགས་རྒྱུན་འཁྱོངས་བྱེད་པའི་གནད་འགག་ཏུ་བརྩིས་ནས། ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་དགོས། དམངས་གཙོ་ཁྲིམས་འཛུགས་དང་། ཕྱི་ནང་གསལ་བོའི་ཁྲིམས་འཛུགས་བྱས་ནས། ཡོངས་བསྒྲགས་སྒོས་བསམ་འཆར་བསྡུ་ལེན་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་བྱེད་གནས་སོགས་ལམ་སྲོལ་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་འཛུགས་ཀྱི་ངོས་འཛིན་རྒྱ་ཁྱབ་གཅིག་མཐུན་བྱ་དགོས། མི་དམངས་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མངོན་འགྱུར་བྱ་དགོས། “འབྲེལ་གཏུག་གཉིས”གཞིར་བཟུང་སྟེ་འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་བཏང་ནས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རྒྱུན་གཏན་ཅན་གྱིས་མང་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས།
ཀྲའོ་ལེ་ཅི་ཡིས་ཅི་ལིན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་དང་། ཧེ་ལུང་ཅང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན། ཆི་ཆི་ཧ་ཨར་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་ལས་ཁུངས་བཅས་སུ་ཁྲིམས་འཛུགས་དང་། སྔོན་རྩིས་ཞིབ་བཤེར་དྲ་སྦྲེལ་ལྟ་སྐུལ། རྫོང་དང་ཞང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་སྐབས་བརྗེའི་འདེམས་བསྐོ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་། ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་དང་འབྲེལ་ཡོད་བཞུགས་མོལ་ཚོགས་འདུར་འགོ་འཛིན་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ས་གནས་དམངས་ཆེན་གྱིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམ་མཚུངས་ཏང་ཨུའི་འགོ་ཁྲིད་འོག འགན་ནུས་དང་འགན་འཁྲིར་གཞི་ཚུགས་པ་དང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱ་བ་སོ་སོ་འཆར་འགོད་དང་སྐུལ་འདེད་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། བཅོས་སྒྱུར་འགག་སྒྲོལ་གྱི་ལས་འགན་ལ་སྐུལ་འདེད་གཏོང་དགོས།
ས་གནས་ཀྱི་ཁྲིམས་འཛུགས་དབང་ཚད་ལ་བརྩི་སྲུང་བྱས་ཏེ། ལག་བསྟར་རང་བཞིན་དང་། ཁ་གསབ་རང་བཞིན། འཚོལ་ཞིབ་རང་བཞིན་བཅས་ཀྱི་བྱེད་ནུས་ངེས་གནས་ཁོང་དུ་ཆུད་པར་བྱས་ནས། འགལ་བ་མེད་པ་དང་། ཁྱད་ཆོས་ལྡན་པ། བཀོལ་སྤྱོད་ཆོག་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས། ལྟ་སྐུལ་ཡང་དག་པ་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བཀོད་ལྟ་སྐུལ་བྱེད་སྟངས་ཕྱོགས་བསྡུས་ཀྱིས་སྤྱོད་པ་དང་། ལྟ་སྐུལ་ཁྲོད་དུ་རྒྱབ་སྐྱོར་བྱས་ཏེ། བྱ་བར་སྐུལ་འདེད་དང་གནད་དོན་ཐག་གཅོད་བྱེད་པའི་འགྲིལ་ཤུགས་ཆགས་པར་བྱ་དགོས། “ལས་ཁུངས་བཞི་”ཡི་བླང་བྱ་ལྟར་མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་དང་གསོག་འཇོག་ལ་མཐོང་ཆེན་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་བསྣན་ནས། སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ། གཞུང་འཁྱོངས་གསར་གཏོད་དང་བརྟན་ཐོག་ཡར་འཕེལ་གྱིས་དམངས་ཆེན་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། རྫོང་དང་ཞང་རིམ་པ་གཉིས་ཀྱི་དམངས་ཆེན་སྐབས་བརྗེའི་འདེམས་བསྐོ་ནི་རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། དམངས་གཙོ་དར་སྤེལ་གང་ལེགས། ཁྲིམས་ལྟར་བྱ་བ་ནན་སྒྲུབ་བཅས་བྱས་ཏེ། འདེམས་དམངས་ཐོ་འགོད་དང་འདེམས་ཤོག་འཕངས་ནས་འདེམས་བསྐོ་སོགས་བརྒྱུད་རིམ་སོ་སོའི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་རྒྱབ་ཏེ། འདེམས་བསྐོའི་བྱ་བ་ཁྲིམས་ལྟར་གོ་རིམ་ལྡན་ཞིང་། སྲིད་གཙང་དྲང་བཞག་གིས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། །
འཕྲིན་སྟེགས། weikangba