ལི་ཆང་གིས་ཁེར་གྷི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡེ་ཧྥུའུ་ཐུག་འཕྲད་གནང་།

2026-09-28
287

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧང་ཀྲོའུ་རུ་ཀྲུང་གོར་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་ལྔ་པར་ཞུགས་པར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡེ་ཧྥུའུ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧང་ཀྲོའུ་རུ་ཀྲུང་གོར་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་ལྔ་པར་ཞུགས་པར་ཕེབས་པའི་ཁེར་གྷི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡེ་ཧྥུའུ་ཐུག་འཕྲད་གནང་བ་རེད། 

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་བརྟན་རླིང་ངང་མདུན་དུ་བསྐྱོད་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི“རྫོགས་ལྡན་དུས་སྐབས”སུ་བསླེབས་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཟང་ཟིང་ཆེ་རུ་ཕྱིན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་ཤུགས་ཞན་པའི་རྒྱབ་ལྗོངས་འོག ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན་པའི་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱིས་མཉམ་ལས་སྔར་བས་དམ་ཟབ་བྱས་ཏེ། མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་བདག་གི་འཚམས་འདྲིར་ཕེབས་པའི་གྲུབ་འབྲས་དོན་འཁྱོལ་དམ་འཛིན་བྱས་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་གྲུབ་འབྲས་དེ་བས་མང་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་བསྐྲུན་དགོས།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། མུ་མཐུད་དུ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་མ་འཇོག་བརྟན་རླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཁེར་གྷི་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལྕགས་ལམ་དང་འགག་སྒོ་དེང་རབས་ཅན་སྒྱུར་བ་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཕན་ཚུན་འབྲེལ་མཐུད་ཀྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཚོང་ཟོག་དེ་བས་མང་པོ་ནང་འདྲེན་བྱེད་འདོད་ཡོད་ལ། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཁེར་གྷི་སི་ཐན་དུ་མ་འཇོག་བྱེད་པར་བསྐྱོད་རྒྱུར་ལྕག་སྐུལ་བྱས་ཏེ། མིས་བཟོས་རིག་ནུས་དང་། གྲངས་གཞིའི་དཔལ་འབྱོར། ལྗང་མདོག་ནུས་ཁུངས། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་སྔ་མོ་ནས་ཆུ་ཚད་མཐོ་བའི་ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་གྲོས་མཐུན་འཇོག་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཁེར་གྷི་སི་ཕྱོགས་དང་རིག་གནས་དང་། ཡུལ་སྐོར། སློབ་གསོ། སྨན་བཅོས་སོགས་ཀྱི་མི་ཆོས་རིག་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་མཛའ་གྲོགས་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་དམ་ཟབ་བྱེད་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་སྟོབས་ཆེར་གཏོང་བ། གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་བཞི་ལག་ལེན་ཧུར་ཐག་བསྟར་བ་བཅས་བྱས་ནས། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལས་དོན་ལ་སྔར་ལས་ཆེ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད།

ཁ་སེ་མ་ལི་ཡེ་ཧྥུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མགོ་ཁྲིད་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་བསྔགས་བརྗོད་གནང་བ་རེད། ཁོང་གིས་བསྟན་དོན། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགཞི་ཆེན་པོ་བཞི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྣེ་ཁྲིད་དེ་འཛམ་གླིང་མིས་བཟོས་རིག་ནུས་མཉམ་ལས་རྩ་འཛུགས་དང་རྒྱལ་སྤྱིའི་འདུམ་འགྲིག་ཁང་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་སོགས་ཕྱོགས་མང་ལམ་སྲོལ་སྟེགས་བུའི་མཐུན་སྦྱོར་རོགས་ལས་དམ་ཟབ་ཏུ་བཏང་སྟེ། འཛམ་གླིང་གི་གཏན་འཇགས་དང་དར་རྒྱས་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་འདོད་ཡོད།

ཝུའུ་ཀྲེང་ལུང་ཐུག་འཕྲད་ལ་ཞུགས། །


  • 顶