སྤྱི་བདེ་དྲ་བའི་བདེ་འཇགས་སྡེ་ཁག་གིས་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་མུ་མཐུད་གཏིང་ཟབ་ཏུ་བཏང་བ། ཉེ་ཆར། ཅི་ལིན་ཞིང་ཆེན་ཅི་ལིན་གྲོང་ཁྱེར་སྤྱི་བདེ་དྲ་བའི་བདེ་འཇགས་སྡེ་ཁག་གིས་དྲ་རྒྱའི་གཏུམ་སྤྱོད་སོགས་ནག་ཚོགས་ཀྱི་ཉེས་གསོག་གསར་པར་དམིགས་ནས། མི་མང་དུ་བསྡུ་བ་དང་། རིམ་པ་དབྱེ་ནས་གྲོན་དངུལ་བསྡུ་བ། རིམ་པ་ལྟར་ནུས་པ་སྤྲོད་པ། ངལ་རྩོལ་ལྟར་ཁེ་ཕན་སྤྲོད་པ་བཅས་ཀྱི་བྱེད་ཐབས་བརྒྱུད་དྲ་རྒྱའི་གཏུམ་སྤྱོད་སྤེལ་བའི་ཁྲིམས་འགལ་ཉེས་གསོག་ཚོགས་པ་ཞིག་བདེ་བླག་ངང་གཏོར་ཐུབ་ཡོད་ཅིང་། གྱོད་འབྲེལ་མི་སྣ་98བཟུང་ཡོད།
ཅི་ལིན་གྲོང་ཁྱེར་སྤྱི་བདེ་དྲ་བའི་བདེ་འཇགས་སྡེ་ཁག་གིས་མྱུལ་ཞིབ་བྱས་པར་གཞིགས་ན། དྲ་བའི་གཏུམ་སྤྱོད་ཚོགས་པ་ཞིག་གིས་སྲོལ་རྒྱུན་ནག་ཚོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྟངས་ལ་ལད་མོ་བྱས་ནས། མི་མང་པོར་སྐད་ཆ་ངན་པ་བཤད་པའི་རྣམ་པས་ཚོགས་སྤྱིར་དམའ་འབེབས་གཏོང་བ་དང་། འཕྲིན་ཐུང་མང་དུ་བསྐུར་བའི་རྣམ་པའི་བསམ་ངན་གྱིས་སུན་པོ་བཟོ་བ། གསང་དོན་ཐེར་འདོན་རྣམ་པའི་དམར་འདོན་གྱི་གནོན་ཤུགས་སྤྲོད་པ། ལྐོག་དངོས་བསྐུར་བའི་བསམ་པའི་འཇིགས་སྐུལ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པས་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད།
ཞིབ་བཤེར་བྱས་པ་བརྒྱུད། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་ཚོགས་པ་འདིས་དྲ་ཐོག་རོལ་རྩེད་ཀྱི་སྤྱི་ཚོགས་འབྲེལ་བའི་དབང་གིས་འགལ་བ་དང་རྩོད་གཞི་ཐོན་པའི་དམིགས་བསལ་ཚོགས་སྤྱིར་ཁ་ཕྱོགས་ནས། མངགས་བཅོལ་བྱེད་མཁན་གྱི་དགོས་མཁོར་གཞིགས་ནས་གྲོན་དངུལ་བསྡུ་བ་དང་། དྲ་ཐོག་ནས་འཁོན་ལན་སློག་པའི་མངགས་ཐོ་འགོད་པ་ཞིག་རེད།
དྲ་རྒྱའི་གཏུམ་སྤྱོད་ཁྲིམས་འགལ་ཉེས་གསོག་ཚོགས་པ་དེས་དམིགས་བསལ་མིན་པའི་དྲ་དམངས་ལ་བསམ་པའི་ཐོག་ནས་བཙན་བརྙས་བྱས་པས། གནོད་འཚེ་ཕོག་མཁན་མང་པོ་ཞིག་ལ་ཡིད་མུག་པ་དང་སློབ་སྦྱོང་ལ་ཞེན་པ་ལོག་པ་སོགས་ཀྱི་མཇུག་འབྲས་ཐོན་ནས། ལས་ཀ་དང་། སློབ་སྦྱོང་། འཚོ་བ་བཅས་ལ་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད་པ་རེད།
ཉེ་ཆར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་གྱི་དོན་དངོས་རྩད་གཅོད་གསལ་པོ་བྱས་པའི་རྨང་གཞིའི་ཐོག་འཛིན་བཟུང་བྱ་སྤྱོད་སྒྲིག་འཛུགས་བྱས་ནས་ཧྥེང་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་སོགས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོ་འཛིན་བཟུང་བྱས་པའི་ནང་། ཁྲིམས་ལྟར་མི་19ལ་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་པ་དང་། མི་32ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཚོགས་པ་དེས་ཁྲིམས་འགལ་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས་ཡོད་པ་དང་། གྱོད་གཞི་འདི་མྱུལ་ཞིབ་བྱེད་སྒང་ཡིན།
འཕྲིན་སྟེགས། weikangba