ཀྲའོ་ལེ་ཅི་ཡིས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་ཁང་ཞོལ་མའི་གྲོས་གཙོ་ཏི་ཁེ་དང་གྲོས་མོལ་མཛད།

2026-09-23
248

ཟླ9པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་ཁང་ཞོལ་མའི་གྲོས་གཙོ་ཏི་ཁེ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས20ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་ཁང་ཞོལ་མའི་གྲོས་གཙོ་ཏི་ཁེ་དང་གྲོས་མོལ་མཛད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ན་ནིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཙུང་ལི་ཨ་འར་པ་ཉི་སི་དང་མཇལ་འཕྲད་གྲོས་མོལ་གནང་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འཐབ་ཇུས་ཀྱི་མཛུབ་སྟོན་གསར་བ་གནང་། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཛའ་མཐུན་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། ཆབ་སྲིད་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་ཨོ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མཐུད་དང་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་བརྩི་འཇོག་བྱས་ནས། ཕྱོགས་འགལ་དང་ཚོར་སྐྱེན་གནད་དོན་ཐག་གཅོད་འོས་འཚམ་བྱེད་དགོས། དངོས་གཉེར་མཉམ་ལས་ཟབ་སྤེལ་དང་། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ལྗང་མདོག་འཕེལ་རྒྱས་དང་གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དགོས། སློབ་གསོ་དང་རིག་གནས། ཡུལ་སྐོར། ས་གནས། ན་གཞོན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་མཛའ་མཐུན་དམངས་འདོད་ཀྱི་རྨང་གཞི་ཟབ་ཏུ་གཏོང་དགོས། ཕྱོགས་མང་མཐུན་སྦྱོར་ལ་ཤུགས་བསྣན་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཕན་པའི་བཅའ་ཁྲིམས་ཡིག་ཆ་གཏན་འབེབས་བྱེད་པར་སྐུལ་འདེད་བཏང་སྟེ། གྲོས་ཁང་མཉམ་འབྲེལ་སོགས་ཕྱོགས་མང་རྐྱེན་སྲོལ་ནང་གི་མཐུན་སྦྱོར་མཉམ་ལས་དམ་ཟབ་གཏོང་དགོས། ཀྲའོ་ལེ་ཅི་ཡིས་ད་དུང་ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ནས། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་ཉམས་མྱོང་བརྗེ་རེས་དང་མཉམ་ལས་གཏིང་ཟབ་བྱས་ནས། མཉམ་དུ་གོ་ལ་ཧྲིལ་པོའི་ལྗང་མདོག་ཚུལ་སྒྱུར་ལ་བྱས་རྗེས་འཇོག་འདོད་ཡོད།

ཏི་ཁེ་ཡིས་བསྟན་དོན། དེང་སྐབས་ཨོ་ཀྲུང་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ལ་དཔལ་འབྱོར་ཉོ་ཚོང་འགྲོ་འོང་གཏིང་ཟབ་བྱེད་པའི་ཁྲོད་ནས་ཕན་པ་ཐོབ་ཡོད། ཐེངས་འདིའི་ཀྲུང་གོར་འཚམས་འདྲིར་ཡོང་བའི་འཐུས་ཚབ་ཚོགས་པའི་ཁོངས་མི་ནི་ས་ཁུལ་མི་འདྲ་བ་དང་ཏང་ཁག་མི་འདྲ་བ་ནས་ཡོང་བ་ཡིན་མོད། འོན་ཀྱང་ཚང་མས་ཨོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་བར་རེ་བ་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ནས། གཉིས་ཕན་མཉམ་རྒྱལ་ཡོང་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡའི་གྲོས་ཁང་ཞོལ་མས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་འབྲེལ་འདྲིས་སྤེལ་རེས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཐད་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད།

ཐའེ་ཉིང་གྲོས་མོལ་ལ་ཞུགས། །


  • 顶