ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས21ཉིན། 2026ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་པེ་ཅིན་དུ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཀན་ཅེ་ཚོགས་འདུར་ཞུགས་པ་མ་ཟད་དྲིལ་སྒྲོག་གཟའ་འཁོར་སྤེལ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས།
བྱེད་སྒོ་ཡུལ་དངོས་སུ་དྲིལ་སྒྲོག་གཟའ་འཁོར་གྱི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་གློག་བརྙན་བསྟན་པ་དང་། མི་རིགས56གི་འཐུས་མི་ཚོས་ཐུན་མོང་ཐོག་མི་རིགས་ཁག་གི་བུ་ཕྲུག་རྣམས་རླབས་ཆེན་མེས་རྒྱལ་སྲུང་སྐྱོང་བྱེད་མཁན་དང་། ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་མཁན། འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་མཁན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་བཅས་བྱས་ནས། རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཚང་མར་ཡོད་པའི་གྲོས་གཞི་བཏོན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དྲིལ་སྒྲོག་གཟའ་འཁོར་གོ་སྐབས་སུ་བཟུང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་དེ་ངོས་འཛིན་གཅིག་མཐུན་བྱེད་ཚད་དེ་བས་ཆེ་བ་དང་གོང་བུར་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།
ཡུལ་དངོས་སུ“མི་རིགས་མཐུན་སྒྲིལ་གྱིས་ཕུགས་འདུན་བསྐྲུན་པའི”དང་བླངས་ཞབས་ཞུའི་རྣམ་གྲངས་དང་གསར་བརྗེའི་གནས་རྙིང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་སྤྱི་ཚོགས་ལས་དོན་ཆེད་ལས་མི་སྣའི་རྒྱབ་སྐྱོར་འཆར་གཞིའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཕབ་སྐྲུན་བྱས་པའི་ཆེད་དོན་གློག་བརྙན《སེ་འབྲུའི་མེ་ཏོག་བཞད། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས》ཞེས་པ་ཁྱབ་བསྒྲགས་བྱས་པ་མ་ཟད། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་སྤེལ་རེས་འཆར་གཞིའི་བྱེད་སྒོའི་སྤུས་རྟགས་ཁག་དང་པོ་བཏོན་པ་དང་། འབྲེལ་ཡོད་ས་ཁོངས་ཀྱིས་པེ་ཅིན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམ་སྟོན་བྱས།
ད་ལོའི་དྲིལ་སྒྲོག་གཟའ་འཁོར་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དངོས་སུ་ལག་བསྟར་བྱས་རྗེས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་གཟའ་འཁོར་ཐོག་མ་དེ་ཡིན་ཞིང་། “མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བཏང་ནས་རླབས་ཆེན་བསྐྱར་དར་གྱི་རྒྱང་སྐྱོད་ལམ་བུར་བསྐྱོད་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་ཡོངས་ས་གནས་ཁག་ཏུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་རེད། བྱེད་སྒོ་གཙོ་བོ་དེ་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་། ཁྲིམས་འཛིན་པུའུ། པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་དང་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད། །
འཕྲིན་སྟེགས། weikangba