ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ9པའི་ཚེས21ཉིན་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་ཡོངས་རྒན་རྒོན་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་པར་འགྲེམས་བྱས་ནས། ཟླ10པའི་ཚེས1ཉིན་ནས་ཚེས31ཉིན་བར2026ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས་པ་དང་། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ཁེ་དབང་འགན་ལེན་ལ་ཤུགས་བསྣན་ནས་སྐྲ་དཀར་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ”ཞེས་པ་དེ་ཡིན།
བརྡ་ཐོའི་ནང་། རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས། སྒྱུ་རྩལ་ཐོན་རྫས་རྫུན་མ་བཟོ་འཚོང་དང་། ཆོག་མཆན་མ་ཐོབ་པར་ཡུལ་སྐོར་ལས་དོན་ཁང་གི་ལས་སྒོ་གཉེར་བ། “ལུགས་དང་མི་མཐུན་པའི་རིན་གོང་དམའ་བའི་ཡུལ་སྐོར”སོགས་ཁྲིམས་འགལ་གྱི་གཉེར་སྐྱོང་བྱ་སྤྱོད་ལ་ཞིབ་བཤེར་ནན་མོ་བྱེད་པ། སྨན་དོན་རྫུན་བཟོ་ལ་བརྟེན་ནས་རྒན་རྒོན་ལ་མགོ་སྐོར་བཏང་སྟེ་སྨན་བཅོས་ཞབས་ཞུ་དང་ལེན་བྱེད་དུ་འཇུག་པར་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ལུས་ཁམས་བདེ་སྲུང་བཟའ་བཅའི་རྒན་སྲུང་མཐོ་འདེགས་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་ཏེ། སྨན་རྫས་དང་། ལུས་ཁམས་བདེ་སྲུང་བཟའ་བཅའ། སྨན་བཅོས་ཡོ་བྱད་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྫུན་བཟོ་སྤུས་ཞན་དང་། དྲིལ་སྒྲོག་རྫུན་མ། གཡོ་འཕྲུལ་ཚོང་གཉེར། ཁྲིམས་འགལ་བརྡ་ཁྱབ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ནན་མོ་བྱེད་པ། རྒན་རྒོན་གྱི་སྤྱི་ཚོགས་འགན་སྲུང་དང་ཐོབ་ཐང་དོན་འཁྱོལ་དང་། སྡོད་ཁང་དང་ས་ཆའི་ཁེ་དབང་འགན་ལེན། གླ་ཕོགས་སོགས་ཀྱི་གནད་དོན་ལ་དམིགས་ནས་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
རྒན་རྒོན་གྱི་གྲངས་གཞིའི་བདེ་འཇགས་སྲུང་སྐྱོང་དང་ཁ་བསླུས་འགོག་རྒོལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་ཐད། བརྡ་ཐོའི་ནང་རྒན་རྒོན་གྱི་གྲངས་གཞིའི་བདེ་འཇགས་སྲུང་སྐྱོང་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒན་རྒོན་མི་སྒེར་གྱི་ཆ་འཕྲིན་དང་སྒེར་གྱི་གསང་དོན་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། “རིག་ནུས་ཀྱིས་རྒན་རྒོན་ལ་རོགས་སྐྱོར་བྱེད་པའི”བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། གྲངས་གཞིའི་ལག་རྩལ་དང་། རིག་ནུས་སྒྲིག་ཆས། ཉེར་སྤྱོད་མཉེན་ཆས་བཅས་རྒན་རྒོན་དང་འཚམ་པར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ལ་རྒན་རྒོན་གྱིས་སྤྱོད་ཐུབ་པ་དང་སྤྱོད་བདེ་བའི་གྲངས་གཞིའི་ཐོན་རྫས་དང་ཞབས་ཞུ་འདོན་རྒྱུར་ཁྲིད་སྟོན་བྱེད་པ། རྒན་རྒོན་གྱི་མགོ་སྐོར་སྔོན་འགོག་གྱི“བདེ་འཇགས་དྲ་བ”ནུས་ཤུགས་ཡོད་རྒུས་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
བརྡ་ཐོའི་ནང་། ད་དུང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་ལ་འཚམས་འདྲི་དང་གཅེས་སྐྱོང་རོགས་སྐྱོར་བྱེད་པ་དང་། རྒན་རྒོན་གྱི་བདེ་ཐང་ཞབས་ཞུ་དང་ཚན་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། རྒན་རྒོན་ལ་བདེ་འཇགས་དང་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་བསྐྲུན་པ། རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད། །
འཕྲིན་སྟེགས། weikangba