ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོར་ཞུགས་པར་ཕེབས་པའི་ཨ་རིའི་མཐོ་སློབ10ཡི་གཞོན་ནུ་སློབ་མར་འཕྲིན་ལན་སྤྲིངས།
ཞི་ཅིན་ཕིང་གིས་བསྟན་དོན། ཚང་མས་ཀྲུང་གོར་སྤྲོ་སྣང་ལྡན་པ་དང་བརྗེད་པར་དཀའ་བའི་འགྲུལ་བཞུད་ཅིག་བྱས་པ་ཤེས་ནས་ང་རང་ཧ་ཅང་དགའ་པོ་བྱུང་། ཁྱེད་ཚོས་འཕྲིན་ཡིག་ནང་ཀྲུང་ཧྭའི་དཔལ་ཡོན་ལ་དགའ་པོ་བྱེད་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ལ་རེ་སྒུག་བྱེད་པ་མཚོན་པར་བྱས་ནས། ཞི་བདེ་རྒྱ་མཚོ་ཆེན་པོ་ལས་བརྒལ་བའི་མཛའ་གྲོགས་ཀྱི་ཕོ་ཉ་བྱེད་འདོད་ཡོད་ཚུལ་མཚོན་པས་ང་དགའ་པོ་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་རིའི་གཞོན་ནུ་རྣམས་སའི་གོ་ལ་གཅིག་ཏུ་གནས་པ་དང་། དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་གྱིན་ཡོད། ཁྱེད་ཚོས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་རྒྱ་ཆེའི་གཞོན་ནུ་དང་མཉམ་དུ་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་མཉམ་ལས་ཀྱི་རྒྱུན་འཛིན་བྱེད་མཁན་དང་། སྲུང་སྐྱོང་བྱེད་མཁན། འཕེལ་རྒྱས་གཏོང་མཁན་བཅས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་ཤེས་རྟོགས་དང་སྙིང་ཉེ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་རླིང་ངང་རྒྱང་རིང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
ཉེ་ཆར། ཨ་རིའི་ཧ་ཧྥོ་སློབ་ཆེན་སོགས་མཐོ་སློབ10ཡི་གཞོན་ནུ་སློབ་མ་བརྒྱ་ཙམ་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། “2026ལོའི་ཀྲུང་གོ་དང་ཨ་རིའི་གཞོན་ནུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་མཛའ་མཐུན་ཡུལ་སྐོར”སོགས་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོར་ཞུགས་པར་ཕེབས་པའི་གྲུབ་འབྲས་དང་མྱོང་ཚོར་བརྗོད་པ་མ་ཟད། ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཀྱི་བསམ་འདུན་མཚོན་པར་བྱས། །
འཕྲིན་སྟེགས། weikangba