ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས19ཉིན་གྱི་དགོང་མོར། ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་ཉི་ཤུ་པ་འཇར་པན་་ཨེ་ཀྲི་རྫོང་མིན་ཀུའུ་ཝུའོ་གྲོང་ཁྱེར་དུ་མགོ་བརྩམས།
ས་གནས་དེའི་ཆུ་ཚོད18པའི་སྟེང་། མགོ་རྩོམ་མཛད་སྒོ་དེ་རུའེ་ཧུའེ་སྤྱི་གླིང་གི་རྒྱུགས་ར་ནས་དངོས་སུ་མགོ་བརྩམས་པ་དང་། ལྟད་མོ་པ་ཁྲི3ལྷག་གིས་དགའ་སྤྲོའི་འབོད་སྒྲའི་ཁྲོད། རྒྱལ་ཁབ་དང་ས་ཁུལ45ནས་ཡོང་བའི་ལུས་རྩལ་པ་རྣམས་རིམ་བཞིན་ཚོགས་རར་ཞུགས།
ཟླ9པའི་ཚེས19ཉིན། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་མགོ་རྩོམ་མཛད་སྒོའི་ཡུལ་དངུས་སུ་ཞུགས་བཞིན་པ།
ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ཚོགས་རར་ཞུགས་སྐབས། ཚོགས་ར་ཡོངས་སུ་དགའ་བསུ་ཆེན་པོ་གནང་ལ། ལྒང་གྲུག་ལུས་རྩལ་པ་ཧུའུ་མིན་ཞོན་དང་བུད་མེད་ཁུར་འཛིང་ལུས་རྩལ་པ་ཝུའུ་ཡུས་གཉིས་ཀྱིས་སྐར་ལྔའི་དར་དམར་བསྒྲེངས་ནས་མདུན་དུ་བསྐྱོད། ཐེངས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ལ་ཀྲུང་གོའི་ལུས་རྩལ་འཐུས་ཚབ་རུ་ཁག་ལ་བསྡོམས་པས་ལུས་རྩལ་པ815ཡོད་པ་དང་། རྣམ་གྲངས་ཆེན་པོ38ཀྱི་རྣམ་གྲངས་ཆུང་བ369ལ་འགྲན་ཞུགས་བྱ་རྒྱུ་རེད།
འདི་ནི་འཇར་པན་གྱིས1958ལོར་ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དང་། 1994ལོར་ཡ་གླིང་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་གཉེར་རྗེས། ཐེངས་གསུམ་པར་ཡ་གླིང་ལུས་རྩལ་འགྲན་ཚོགས་གཉེར་བ་རེད།
ཟླ9པའི་ཚེས19ཉིན། འཁྲབ་སྟོན་པས་མགོ་རྩོམ་མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་བཞིན་པ།
དཔལ་འབར་བརྒྱུད་སྤྲོད་དང་དཔལ་འབར་གཙོ་བོ་མེ་སྒྲོན་པའི་མཛད་སྒོ་ཡིས་མགོ་རྩོམ་མཛད་སྒོ་མཐོ་རླབས་སུ་བཏེགས།
ཟླ9པའི་ཚེས19ཉིན། མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ་དཔལ་འབར་སྒྲོན་བཞིན་པ།
ཨའེ་ཀྲི་མིན་ཀུའུ་ཝུའོ་ཡ་གླིང་ལུས་རྩལ་འགྲན་ཚོགས་དེ་ཟླ9པའི་ཚེས19ཉིན་ནས་ཟླ10པའི་ཚེས4ཉིན་བར་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ45ནས་ཡོང་བའི་ལུས་རྩལ་པ་ཁྲི1.1ལྷག་གིས་རྣམ་གྲངས་ཆེན་པོ43དང་ཡན་ལག་རྣམ་གྲངས71། རྣམ་གྲངས་ཆུང་བ469ནང་འགྲན་རྩོད་བྱ་རྒྱུ་རེད། ཐེངས་འདིའི་ཡ་གླིང་ལུས་རྩལ་འགྲན་བསྡུར་དེ་ཚོགས་ར54རུ་བཀོད་སྒྲིག་བྱས་ཡོད། ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ལས་གཞན། ཐེངས་འདིའི་འགྲན་བསྡུར་ལ་ཁ་པ་ཏི་དང་འཁྲི་ལྒང་། དྲག་རྩལ་དང་གློག་རྡུལ་རྩལ་འགྲན་སོགས་ཀྱི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་མིན་པའི་ལུས་རྩལ་འགྲན་བསྡུར་བྱ་རྒྱུ་རེད།
འགྲན་བསྡུར་གྱི་བཀོད་སྒྲིག་ལྟར་ན། ཟླ9ཚེས20ཉིན། དེང་རབས་རྣམ་གྲངས་ལྔ་དང་གྱད་མའི་རྣམ་གྲངས་གསུམ་སོགས་རྣམ་གྲངས་ཀྱིས་སྔོན་ལ་གསེར་གྱི་རྟགས་མ་བརྩོན་ལེན་བྱ་རྒྱུ་དང་། ཀྲུང་གོའི་ལུས་རྩལ་པ་རྣམས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་སྐབས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོག་མ་དེ་བརྩོན་ལེན་བྱ་རྒྱུ་རེད། །
འཕྲིན་སྟེགས། weikangba