ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཕུལ་བྱུང་བྱས་རྗེས་འཇོག་མཁན་དང་། མིང་དུ་གྲགས་པའི་རྒྱལ་གཅེས་མི་སྣ། ཕུལ་དུ་བྱུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན། ཀྲུང་གོའི་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པ་དང་། སྐབས་བཅུ་གཅིག་པ། སྐབས་བཅུ་གཉིས་པ་དང་། སྐབས་བཅུ་གསུམ་པ་བཅས་ཀྱི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་པོ་དང་གཉིས་པ་འཁུར་མཁན་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་དེ་ཟླ9པའི་ཚེས20ཉིན་ཞང་ཀང་གི་ཞུགས་འབུལ་ཁང་དུ་བསྡུས།
སྐུ་ཞབས་ཏུང་ཅན་ཧྭ་སྙུང་གཞིའི་རྐྱེན་གྱིས2026ལོའི་ཟླ9པའི་ཚེས8ཉིན་གྱི་ཆུ་ཚོད21དང་སྐར་མ57སྟེང་ཞང་ཀང་དུ་སྐུ་གཤེགས་ལ། དགུང་ལོ89རེད།
སྐུ་ཞབས་ཏུང་ཅན་ཧྭ་སྙུང་གཞི་ལྕི་བའི་སྐབས་སུ། ཀྲུང་དབྱང་གིས་ཁོང་གི་སྙུང་གཞི་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་སྒྲུབ་ཁང་ལ་འཚམས་འདྲི་གནང་དགོས་པའི་མཛུབ་སྟོན་གནང་སྟེ། ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་པའི་བླང་བྱ་བཏོན།
སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་དེ། སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་པར་མྱ་ངན་ཞུས་པ་མ་ཟད། ཁོང་གི་གཉེན་ཉེ་ལ་འཚམས་འདྲི་གནང་།
ཀྲུང་དབྱང་གི་མངགས་བཅོལ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེན་དབྱིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝང་ཏུང་ཧྥིན། ཀྲུང་གུང་ཀྲུང་དབྱང་ཞང་ཀང་དང་ཨའོ་མོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མོན་ལས་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་བཅས་སྤྱི་མཆོད་མཛད་སྒོར་ཞུགས།
ཚེས20ཉིན་གྱི་སྔ་དྲོར། ཞང་ཀང་གི་ཞུགས་འབུལ་ཁང་དུ་བཙུགས་པའི་སྐུ་ཞབས་ཏུང་ཅན་ཧྭ་ཡི་གདུང་ཁང་བརྗིད་ཉམས་ལྡན་ལ་མྱ་ངན་རོལ་མོ་དལ་གྱིས་གྲགས། གདུང་ཁང་གི་སྟེང་ཕྱོགས་སུ“སྐུ་ཞབས་ཏུང་ཅན་ཧྭ་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ”ཅེས་པའི་འཕྲེད་ཡིག་བཀལ་བ་དང་། དེའི་ཞབས་ན་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་པར་བཞག་ཡོད། སྐུ་ཞབས་ཏུང་ཅན་ཧྭ་ཡི་པུར་སྒམ་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཀབ་ཡོད། སྐུ་པར་གྱི་མདུན་དུ་སྐུ་ཞབས་ཏུང་ཅན་ཧྭ་ཡི་གཉེན་ཉེ་ཡིས་ཕུལ་བའི་མེ་ཏོག་གི་ཕྲེང་བ་སྤུངས་ཡོད།
སྔ་དྲོའི་ཆུ་ཚོད་དགུའི་སྟེང་། སྐུ་ཞབས་ཏུང་ཅན་ཧྭ་ཡི་སྤྱི་མཆོད་མཛད་སྒོ་འགོ་བརྩམས་པ་དང་། ཚང་མ་གུས་སྟབས་ཀྱིས་འགྲེང་ནས་མྱ་ངན་ཞུས། སྤྱི་མཆོད་མཛད་སྒོ་དེ་སྐུ་ཞབས་ཏུང་ཅན་ཧྭ་ཡི་འདས་མཆོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལེང་ཀྲེན་དབྱིན་གྱིས་འགོ་འཛིན་བྱས།
འདས་མཆོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཧྲི་ཐའེ་ཧྥིན་གྱིས་སྤྱི་མཆོད་མཛད་སྒོའི་སྟེང་མྱ་ངན་ཞུ་ཚིག་ཕུལ། ཁོས་མྱ་ངན་ཞུ་ཚིག་ལས་སྐུ་ཞབས་ཏུང་ཅན་ཧྭ་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ཕུལ་བྱུང་བྱས་རྗེས་འཇོག་མཁན་དང་། མིང་དུ་གྲགས་པའི་རྒྱལ་གཅེས་མི་སྣ། ཕུལ་དུ་བྱུང་བའི་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་མཁན་དང་། ཀྲུང་གོའི་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་བཅས་ཡིན་པའི་སྐུ་ཚེ་ཧྲིལ་པོར་ཕྱིར་དྲན་བྱས་པ་མ་ཟད། དེ་བཞིན་ཁོང་གིས་རྒྱལ་ཁབ་དང་། ཞང་ཀང་། སྤྱི་ཚོགས་བཅས་ཀྱི་ཆེད་དུ་བྱས་རྗེས་གལ་ཆེན་བཞག་པའི་སྐོར་ཡང་ཕྱིར་དྲན་བྱས།
དེའི་རྗེས་སུ། སྤྱི་མཆོད་མཛད་སྒོར་ཞུགས་པའི་མི་སྣ་ཡོངས་ཀྱིས་རེ་རེ་བཞིན་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་པར་ལ་གུས་འདུད་ཐེངས་གསུམ་ཞུས་ཏེ། རིམ་པ་བཞིན་སྐུ་ཞབས་ཏུང་ཅན་ཧྭ་ཡི་སྐུ་གདུང་གི་མདུན་དུ་སླེབས་ནས། མིང་དུ་གྲགས་པའི་རྒྱལ་གཅེས་མི་སྣ་འདིར་མཐའ་མའི་གྱེས་བྲལ་ཞུས་པ་མ་ཟད། སྐུ་ཞབས་ཏུང་ཅན་ཧྭ་ཡི་གཉེན་ཉེ་ལ་འཚམས་འདྲི་ཞུས།
ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འགན་ཁུར་བ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། དེ་བཞིན་ཞང་ཀང་གི་སྤྱི་ཚོགས་ལས་རིགས་སོ་སོའི་འཐུས་མི་སོགས་ཀྱང་སྐྱེལ་མ་ཞུ་རུ་སླེབས།
ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། དབུས་རྒྱུད་ས་ཆའི་འབྲེལ་ཡོད་ཞིང་ཆེན། རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར། ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་དང་། ལས་ཁུངས་དང་ཚོགས་པ་བཅས་དང་། དེ་བཞིན་སྐུ་ཞབས་ཏུང་ཅན་ཧྭ་འཚོ་བཞུགས་སྐབས་ཀྱི་གྲོགས་པོས་མྱ་ངན་གློག་འཕྲིན་དང་མྱ་ངན་འཕྲིན་ཡིག་སྤྲིངས། །
འཕྲིན་སྟེགས། weikangba