ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས20ཉིན་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་ཞིང་ལས་གྲོང་གསེབ་པུའུ་ཡི་སྨན་རྫས་དང་ཕྱུགས་སྨན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཚོགས་ཆུང་གིས་སྨན་རྫས་དང་ཕྱུགས་སྨན་དྲ་རྒྱའི་ཚོང་གཉེར་སྟེགས་བུའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། སྨན་རྫས་དང་ཕྱུགས་སྨན་ཐོན་སྐྱེད་དང་ཕྱིར་འཚོང་བེད་སྤྱོད་བཅས་ཀྱི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་དག་ཐེར་བྱེད་པའི་བྱ་འགུལ་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། སྨན་རྫས་དང་ཕྱུགས་སྨན་དྲ་ཐོག་ཏུ་ཉོ་ཚོང་བྱེད་སྐབས་འཕྲད་བཞིན་པའི་གནད་དོན་སྤེལ་རེས་བྱས་པ་མ་ཟད། དྲ་རྒྱ་བརྒྱུད་དེ་ཚོང་གཉེར་བྱེད་སྟངས་སྔར་ལས་ཚད་ལྡན་དུ་གཏོང་བའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། སྡེ་ཁག་བདུན་གྱིས་བཀོད་འདོམས་གནང་བའི་སྨན་རྫས་དང་ཕྱུགས་སྨན་ཐོན་སྐྱེད་དང་ཕྱིར་འཚོང༌། བེད་སྤྱོད་བཅས་ཀྱི་སྤྱོད་ཚུལ་ངན་པ་ཁྱོན་ཡོངས་ནས་དག་ཐེར་བྱེད་པའི་བྱེད་སྒོ་དེ་ནི2026ལོའི་ཟླ7པ་ནས་མགོ་བཙུགས་ཏེ2027ལོའི་ཟླ3པར་མཇུག་སྒྲིལ་རྒྱུ་རེད། བྱེད་སྒོ་འདིས་བཀག་སྡོམ་དང་ཚོད་འཛིན་ནན་མོ་བྱས་པའི་སྨན་རྫས་དང་ཕྱུགས་སྨན་བཟོ་བ་དང༌། བཙོང་བ། དྲ་བ་བརྒྱུད་ནས་ཉོ་འཚོང་བྱེད་པ། སྤྱོད་པ་སོགས་ཁྲིམས་འགལ་གྱི་བྱ་བ་མཐའ་དག་རྩད་གཅོད་ནན་མོ་བྱེད་པ་དང༌། ལྷག་པར་དུ་བཀག་སྡོམ་དང་ཚོད་འཛིན་ནན་མོ་བྱས་པའི་སྨན་རྫས་དང་ཕྱུགས་སྨན་ཁྲིམས་འགལ་ངང་ཐོན་སྐྱེད་དང་ཕྱིར་འཚོང་། བེད་སྤྱོད་བྱེད་མཁན་རྣམས་ལ་རྡུང་རྡེག་དྲག་པོ་གཏོང་རྒྱུ་རེད།
བྱེད་སྒོ་སྤེལ་ཚུན་དུ། གློག་རྡུལ་ཚོང་དོན་སྟེགས་བུ་ཁག་གིས་རང་བཤེར་རང་བཅོས་ཧུར་ཐག་བྱས་ཏེ། བཀག་སྡོམ་དང་ཚོད་འཛིན་ནན་མོ་བྱས་པའི་སྨན་རྫས་དང་ཕྱུགས་སྨན་སྐོར་གྱི་ཆ་འཕྲིན་གཙང་སེལ་དང༌། སྒྲིག་སྲོལ་དང་འགལ་བའི་ཚོང་ཟོག་ཕབ་ལེན་བྱེད་པ། ཚོང་པ་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་མོད། འོན་ཀྱང་ད་དུང་ཚོང་ལས་ཐོབ་ཐང་དོ་དམ་གནད་དུ་མ་འཁེལ་བ་དང༌། ཐོན་རྫས་ཀྱི་ཆ་འཕྲིན་དང་དྲིལ་སྒྲོག་ཚུལ་མཐུན་མིན་པ། བཀག་སྡོམ་དང་ཚོད་འཛིན་ནན་མོ་བྱས་པའི་སྨན་རྫས་ལྐོག་ནས་བཙོངས་པ་དང༌། ཕྱུགས་སྨན་ཐད་བཀོལ་བའི་སྨན་རྫས་ཕྱིར་འཚོང་གི་ལྟ་སྐུལ་དོ་དམ་དམ་པོ་མེད་པ་སོགས་ཀྱི་དཀའ་ངལ་སྔར་བཞིན་གནས་ཡོད་པ་རེད།
ཅིང་ཏུང་དང་ཐའོ་པའོ། ཕིན་ཏོ་ཏུའོ། འཁྱུག་དབྱངས། མགྱོགས་འཕྲིན་སོགས་ཕྱོགས་གསུམ་པའི་དྲ་ཚིགས་ཚོང་ཁང17ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད། གྲོས་ཚོགས་ཐོག་ཞིང་ལས་གྲོང་གསེབ་པུའུ་ཡི་སྨན་རྫས་དང་ཕྱུགས་སྨན་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ཚོགས་ཆུང་གིས་སྟེགས་བུ་སོ་སོས་འགན་འཁྲི་གཙོ་བོ་ཏན་ཏིག་གིས་འཁུར་དགོས་པ་དང༌། ཚོང་གཉེར་ཐོབ་ཐང་ཞིབ་བཤེར་དང་ཚོང་ཟོག་གི་ནང་དོན་ལ་ཞིབ་དཔྱད་ནན་ཏན་བྱེད་པ། རིགས་སྣ་གལ་ཆེན་དག་ལ་ལྟ་རྟོག་དང་དམ་འཛིན་ཤུགས་ཆེར་གཏོང་བ། དུས་ཐོག་ཏུ་ཁྲིམས་འགལ་ཚོང་ཟོག་དང་ཚོང་ཁང་ཐོ་བསུབ་བྱེད་པ། གནད་དོན་གང་ཞིག་རྙེད་ཚེ་འཕྲལ་དུ་ལེགས་བཅོས་བྱེད་དགོས་པ་མ་ཟད། ཉེས་དོན་ཚབས་ཆེན་ཡིན་པ་ཤེས་མ་ཐག་སྙན་སེང་ཞུ་དགོས་པ་དང་ཆབས་ཅིག། ཡུལ་དངོས་ཀྱི་ཁུངས་སྣེ་འཚོལ་རོགས་བྱེད་དགོས་པར་ནན་གྱིས་བསྟན།
དྲ་ལམ་ཚོང་ར་སོ་སོའི་འཐུས་ཚབ་པས་བཤད་དོན། ཞིང་ལས་གྲོང་གསེབ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་དྲ་ལམ་ནས་སྨན་རྫས་དང་ཕྱུགས་སྨན་བཙོང་བར་ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ་དང༌། ནང་ཁུལ་གྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ལག་རྩལ་ཐོག་ནས་ཉེན་ཁ་ངོས་འཛིན་བྱེད་ནུས་མཐོར་འདེགས་ཀྱིས་གནད་དོན་ཐེར་འདོན་བརྟག་དཔྱད་ལེགས་པོ་བྱེད་པ་དང༌། ཁྲིམས་འགལ་བྱ་སྤྱོད་ཐག་གཅོད་ཡང་དག་པར་བྱེད་པ། རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དམ་འཛིན་ལ་ལྷོད་གཡེང་མི་བྱེད་པ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཏེ། མཉམ་དུ་སྨན་རྫས་དང་ཕྱུགས་སྨན་དྲ་ཐོག་ནས་ཚོང་གཉེར་བྱེད་པའི་ལས་དོན་རྒྱུན་རྣམ་ཅན་དང་ཚད་གཞི་ལྡན་པ་ཞིག་ཡོང་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར། །
འཕྲིན་སྟེགས། weikangba