ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཤོག་སྦག་གི་སྦྲེལ་ཐག་ཧྲིལ་པོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་དང་ལས་འཛོལ་བཀག་འགོག་ནུས་ལྡན་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
《བསམ་འཆར》ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འབུར་ཐོན་གྱི་གནད་དོན་ལ་དམིགས་པ། ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་དང་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་འགན་འཁྲི། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་བཅས་སྲ་བརྟན་དུ་བཏང་ནས། ཤོག་སྦག་ལས་རིགས་ཀྱི་ངོ་བོའི་བདེ་འཇགས་ཆུ་ཚད་མཐོར་འདེགས་གཏོང་དགོས།
《བསམ་འཆར》ནང་ཤོག་སྦག་ཐོན་སྐྱེད་དང་། གསོག་ཉར། གཉེར་སྐྱོང་། སྐྱེལ་འདྲེན། བཀད་པ་སོགས་ལྷུ་ཚིགས་ཁག་གི་སྦྲེལ་ཐག་ཧྲིལ་བོའི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་བཏོན་ཡོད་པ་རེད། ཐོན་སྐྱེད་ལྷུ་ཚིགས་སུ་ཐོན་སྐྱེད་ཁེ་ལས་ཀྱི་ཆོག་འཐུས་ཞིབ་མཆན་ནན་མོ་འགོད་པ་དང་། ཤོག་སྦག་ཐོན་སྐྱེད་ཐད་སྤྱོད་པའི་སྨན་རྫས་དང་ཕྱེད་བཟོས་ཐོན་རྫས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་བརྒྱུད་རིམ་གྱི་བདེ་འཇགས་ཉེན་ཁར་ཚོད་འཛིན་ནན་མོ་བཅས་བྱེད་དགོས་པར་བཏོན་ཡོད།
《བསམ་འཆར》ནང་ནན་གྱིས་བསྟན་དོན། ཤོག་སྦག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་རྫས་ཀྱི་སྤུས་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དང་དཔེ་འཐེན་ཞིབ་བཤེར་བྱེད་པ། སྨན་ཚད་ལས་བརྒལ་བ་དང་ཚད་གཞི་ལས་བརྒལ་བ་སོགས་རྒྱལ་ཁབ་ཀྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱ་རྒྱུ་གཏན་འགོག་བཅས་བྱེད་དགོས། ཚད་གཞི་ལག་བསྟར་དང་འཐུས་ཚང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་མེད་ཐོན་སྐྱེད་ཀྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བཙན་ཤེད་རང་བཞིན་གྱི་ཚད་གཞིའི་མཁྲེགས་གཤིས་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཤོག་སྦག་ཁེ་ལས་ཀྱི་སྒྲིག་ཆས་དང་སྒྲིག་བཀོད་ཕྱོགས་ཡོངས་ནས་ཚད་གཞིར་བསླེབས་པར་སྐུལ་འདེད་གཏོང་དགོས། ཤོག་སྦག་ལས་འཛོལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་དང་། ལས་འཛོལ་གྱི་རྒྱུ་རྐྱེན་དང་འགན་འཁྲི་རྩད་གཅོད་གསལ་པོ་བྱེད་པ། གཅིག་དཔེ་ཀུན་གྲོལ་བཅས་ཀྱིས་ལས་འཛོལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་བྱེད་དགོས། བདེ་འཇགས་ལྟ་སྐུལ་དོ་དམ་གྱི་ཁྲིམས་འཛིན་ནན་མོ་བྱེད་པ་དང་། ཁྲིམས་ཆད་ལག་བསྟར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཐག་ཧྲིལ་བོར་གཏིང་ཟབ་སྔོག་འདོན་དང་ཞིབ་བཤེར་མཐར་ཕྱིན་པ་དང་། འབྱུང་ཁུངས་འདེད་པ། མཐུན་སྦྱོར་གཞོགས་འདེགས་བཅས་ལ་ཤུགས་སྣོན་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་དགོས།
《བསམ་འཆར》ནང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་དང་དེའི་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་མཐུན་སྦྱོར་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རང་འགན་རང་འཁུར་དང་མཉམ་ལས་དམ་ཟབ་བྱས་ཏེ། འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། ས་ཁུལ་ཁག་གིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད། །
འཕྲིན་སྟེགས། weikangba