ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ9ཚེས11ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བདེ་འཇགས་ཐོན་སྐྱེད་བྱ་བར་ཤུགས་སྣོན་རྒྱུའི་ཐད་བཀོད་སྒྲིག་བྱས་ཤིང་། རྩིས་ཤུགས་དྲ་བ་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་། ཆུ་མཛོད་རྙིང་པ་སྒྱུར་བཀོད་དང་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བྱས་ལ། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་པའི་བྱ་བའི་སྙན་ཞུར་ཉན་པ་དང་། 《ཐེབས་རྩ་ལྷན་ཚོགས་ཀྱི་དོ་དམ་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།
ཚོགས་འདུའི་ཐོག་བསྟན་དོན། ཉེ་ཆར། ས་གནས་ཁ་ཤས་སུ་བདེ་འཇགས་ཐོན་སྐྱེད་བྱ་བར་ལས་འཛོལ་མང་པོ་བྱུང་སྟེ་བསླབ་བྱ་ནན་མོ་ཐོབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བར་ང་ཚོས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས། དོན་རྐྱེན་བྱུང་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དོན་རྐྱེན་གཅིག་ལས་ཉམས་མྱོང་མང་པོ་བླངས་ནས། སྒྲིག་སྲོལ་ལམ་ལུགས་དོན་འཁྱོལ་ནན་པོ་མི་བྱེད་པ་དང་། བཟོ་སྐྲུན་འགན་ལེན་རིམ་པ་བཞིན་གཞན་ལ་སྤྲོད་པ། བདེ་འཇགས་ལྟ་སྐུལ་དོ་དམ་ཚད་གཞིར་ཐོན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་ཐག་གཅོད་ནན་མོ་བྱ་དགོས། མངའ་ཁོངས་ཀྱི་ས་ཆར་དོ་དམ་ནན་པོ་བྱས་ཏེ། “དོ་དམ་གསུམ་དང་དགོས་ངེས་གསུམ་”གྱི་བླང་བྱ་དོན་འཁྱོལ་སྒོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ལས་རིགས་གཙོ་བོའི་ཁྱབ་ཁོངས་སུ་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱ་རྒྱུར་དམ་པོར་དམིགས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཆད་པ་བཅད་དེ། དོན་རྐྱེན་ཚབས་ཆེན་སྔོན་འགོག་ནུས་ལྡན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། བཀོད་སྒྲིག་ལུགས་མཐུན་དང་གོ་རིམ་ཚད་ལྡན་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྩིས་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། གནད་འགག་གི་ལག་རྩལ་དང་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རིམ་པ་མང་བའི་དྲ་མིག་ཅན་གྱི་རྩིས་ཤུགས་མ་ལག་འཛུགས་དགོས། རྩིས་གློག་མཉམ་སྡེབ་དང་རྩིས་དྲ་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། རྩིས་ཤུགས་ཐོན་ཁུངས་ལྟ་ཞིབ་ཚད་ལེན་བཀོད་གཏོང་དང་རྐང་འཛིན་འོད་སྐུད་དྲ་རྒྱ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། རྩིས་གློག་སྒྲིག་བཀོད་འཆར་འགོད་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་གློག་ཐད་སྦྲེལ་སོགས་ཀྱི་ལས་གཞི་གང་མགྱོགས་སྒོས་དོན་འཁྱོལ་བྱ་དགོས། ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་། ཐོན་ཁུངས་སྡེབ་སྒྲིག བེད་སྤྱོད་ཁྱབ་སྤེལ་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཁོ་སྤྲོད་སྔར་ལས་ཟླ་སྒྲིག་ཡོང་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ཐོག་བསྟན་དོན། དགེ་སྐྱོན་ཟུང་འབྲེལ་དང་། རྩ་ལག་མཉམ་བཅོས། རིགས་དབྱེ་ཇུས་འདོན་བཅས་རྒྱུན་འཁྱོངས་བྱས་ནས་ཆུ་མཛོད་རྙིང་པའི་བདེ་འཇགས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ཆུ་མཛོད་རྙིང་པ་སྒྱུར་བཀོད་རིམ་སྤོར་གྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་བསྒྱུར་བཀོད་ཚད་གཞི་ལེགས་སུ་གཏོང་བ་དང་། “མཛོད་གཅིག་ཇུས་གཅིག”གིས་བསྒྱུར་བཀོད་ཇུས་གཞི་བཟོས་སྟེ། བཟོ་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་བཀོད་གཏོང་དོ་དམ་དང་རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་ཆུ་ཚད་དུས་མཉམ་ཏུ་མཐོ་རུ་གཏོང་དགོས། ལས་ཁུངས་མང་པོའི་མཐུན་སྦྱོར་དང་གཞི་རྒྱུ་འགན་ལེན་ལ་ཤུགས་བསྣན་བརྒྱབ་ནས་སྤྱི་ཚོགས་ཀྱི་མ་རྩ་སྔར་བས་མང་བ་ནང་འགུག་བྱེད་དགོས།
གྲོས་ཚོགས་ཐོག་བསྟན་དོན། སློབ་ལོ་ལོན་པའི་མི་འབོར་གྱི་འགྱུར་ལྡོག་ལ་དམིགས་ནས་སློབ་གསོའི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་སློབ་གནས་མཁོ་འདོན་དང་། དགེ་རྒན་བཀོད་སྒྲིག འགྲོ་གྲོན་འགན་ལེན་སོགས་ཀྱི་བྱ་བ་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་ནས་ཕུལ་བྱུང་གསར་གཏོད་འཇོན་མི་གསོ་སྐྱོང་དང་། རིག་ཚན་གྱི་ཆེད་ལས་བཀོད་པ། སློབ་གཞིའི་མ་ལག་འཛུགས་སྐྲུན། འཇོན་མི་གསོ་སྐྱོང་བྱེད་སྟངས་བཅས་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། བདེ་ཐང་ཨང་དང་པོ་ཡིན་པའི་སློབ་གསོའི་འདུ་ཤེས་དོན་འཁྱོལ་བྱས་ཏེ། ཀུན་སྤྱོད་དང་། ཤེས་བྱ། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་གསོ་སྐྱོང་ལྔ་མཉམ་སྤེལ་དང་། གསོ་སྐྱོང་ལྔ་ལྷན་འདྲེས་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་བྱུང་སྟེ་འཇོན་མིར་འགྱུར་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཐེབས་རྩ་ལྷན་ཚོགས་ལ་ཀུན་གྱིས་ཡིད་ཆེས་ཆེ་རུ་གཏོང་དགོས་ལ། དོ་དམ་སྔར་ལས་ཚད་ལྡན་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནང་ཁུལ་གྱི་བཅོས་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཁུངས་མང་པོའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། རང་རྒྱལ་གྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
འཕྲིན་སྟེགས། weikangba