ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག“ཡིད་རྟོན་སྐར་ཆེན”ཁྱབ་བསྒྲགས་བྱས་པ།

2026-09-09
334

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁ་དན་ཚིག་གནས་ལ་མཐོང་ཆེན་དང་དམ་བཅའ་སྲུང་བའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ། ཁ་དན་ཚིག་གནས་ཀྱི་འདུ་ཤེས་ཁྱབ་སྤེལ་དང་ཁ་དན་ཚིག་གནས་ཀྱི་རིག་གནས་སྐྱེད་སྲིང་། ཀུན་སྤྱོད་ལ་བརྩི་བཀུར་དང་ཁ་དན་ཚིག་གནས་ལག་བསྟར་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་ཆགས་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་གྱིས་ཉེ་ལམ“ཡིད་རྟོན་སྐར་ཆེན”ཁྱབ་བསྒྲགས་བྱས།

ད་ཐེངས་ཁྱབ་བསྒྲགས་བྱས་པའི“ཡིད་རྟོན་སྐར་ཆེན”ནི་ལུའུ་ཝུའེ་དང་མིའོ་མའེ་ཆིང་། ལུའོ་ཡེ་ཆིང་། ཀུའུ་ཁྲང་ཞིན། ཀྲུའུ་ཧྲུའུ་ཞུན། ཧོང་ཡུས་ཞང་། ཅང་ཚའེ་མིང་། དབྱང་ཡུན་ཡན། ཞའོ་ཆོན་བཅས་མི་སྒེར9དང་དེ་བཞིན་ཡིད་རྟོན་ཐོག་ཁང་སྣ་བརྒྱའི་ཚོང་ཟོག་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཡིན། ཁོང་ཚོའི་ཁག་གཅིག་གིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་ས་ནག་སྲུང་སྐྱོང་བྱས་ནས་འབྲུ་རིགས་ཐོན་འཕར་དང་ཡུལ་མི་ཚོའི་འབབ་འཕར་གྱི་ཁས་ལེན་གཟབ་ནན་སྒོས་དོན་ཐོག་ཏུ་འཁྱོལ་བར་བྱས། ལ་ལས་དམངས་དོན་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་གྲོང་མིའི་ཐད་སྦྲེལ་ཁ་པར་བཙུགས་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས། ལ་ལས་མེས་པོའི་བསླབ་བྱ་བརྩི་སྲུང་ནན་མོ་དང་ལེགས་སྐྱེས་ཕུལ་ནས་ལོ་ངོ40ལྷག་ལ“སྙན་ངག་དྲང་སྲོང”ལི་པའེ་ཡི་དུར་ས་སྲུང་སྐྱོང་བྱས། ལ་ལས་ཁ་དན་བརྟན་སྲུང་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ། དཀའ་ངལ་གྱི་གནས་སུ་གྱར་ཡང་སྔར་བཞིན་གཞན་གྱི་ཚབ་བྱས་ནས་བུ་ལོན་འབོར་ཆེན་འཇལ། ལ་ལས་ཁ་དན་ལག་ཏུ་བསྟར་ནས་འགྲུལ་བ་གྲོགས་སུ་བརྩིས་ཏེ། ཡིད་རྟོན་གོང་དུ་བཀུར་བ་དེ་ཁེ་ལས་བདག་གཉེར་གྱི་དོ་དམ་ཞབས་ཞུའི་གོ་རིམ་སོ་སོར་འདྲེས་པར་བྱས། ཁོང་ཚོ་ནི་ཁ་དན་ཚིག་གནས་ཀྱི་འདུ་ཤེས་ཁྱབ་སྤེལ་ཧུར་ཐག་གཏོང་མཁན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དཔེ་བཟང་ལག་ལེན་བསྟར་མཁན་ཡིན་པས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁ་དན་ཚིག་གནས་རྩ་བར་འཛིན་པ་དང་ཡར་ཐོན་དགེ་སྒྲུབ་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། 

རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསྟན་དོན། ཁ་དན་ཚིག་གནས་ནི་རང་ཚུགས་ཀྱི་རྩ་བ་དང་ལས་དར་གྱི་རྨང་གཞི་ཡིན། “ཡིད་རྟོན་སྐར་ཆེན”མིག་དཔེར་བྱས་ནས་ཁ་དན་ཚིག་གནས་ཀྱི་རིན་ཐང་ཚད་གཞི་རང་རྟོགས་ངང་ལག་ལེན་བསྟར་བ་དང་། ཁ་དན་ཚིག་གནས་དེ་རྒྱུན་གཏན་གྱི་གཏམ་སྤྱོད་ནང་འདྲེས་པ། ལྷག་བསམ་རྣམ་དག་གི་མི་གཞི་གསོ་སྐྱོང་བྱེད་པ་དང་ཁ་དན་ཚིག་གནས་ཀྱིས་བྱ་བ་སྒྲུབ་པ་བཅས་བྱས་ཏེ། ཁ་དན་ཚིག་གནས་དང་དམ་བཅའ་ལག་ལེན་བསྟར་བའི་དར་སྲོལ་བཟང་པོ་ཐུན་མོང་ཐོག་གཏོད་དེ། ཡིད་རྟོན་གྱི་སྤྱི་ཚོགས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

ཡོངས་བསྒྲགས་བྱ་ཡུལ་དུ“ཡིད་རྟོན་སྐར་ཆེན”གྱི་བྱས་རྗེས་བརྙན་ཐུང་བསྟན་ནས། ཁོང་ཚོའི་ལས་ཀ་དང་འཚོ་བའི་མྱོང་ཚོར་གསོན་ཉམས་དོད་པོས་བརྗོད་ཡོད། “ཡིད་རྟོན་སྐར་ཆེན”ཡོངས་བསྒྲགས་ཆེད་དོན་ལེ་ཚན་ཉེ་ཆར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ནོར་དཔལ་འཕྲིན་ལམ་ནས་སྟོན་རྒྱུ་ཡིན་པ་རེད། །


  • 顶