
ཟླ7པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་དུ་ཐེ་གོ་ཙུང་ལི་ཨ་ནུའུ་ཐིན་ལ་ཐུག་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ7པའི་ཚེས20ཉིན་པེ་ཅིན་དུ་ཐེ་གོ་ཙུང་ལི་ཨ་ནུའུ་ཐིན་ལ་ཐུག་འཕྲད་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐེ་གོའི་འབྲེལ་བ་ནི་ལོ་རྒྱུས་སྟེང་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད། གཟའ་འཁོར་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་སྐུ་ཞབས་ཙུང་ལིར་ཐུག་འཕྲད་གནང་ནས། ཀྲུང་གོ་དང་ཐེ་གོའི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་འཆར་འགོད་གནང་། ཀྲུང་གོས་ཐེ་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་རྣམས་ཀྱིས་བཞག་པའི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ། ཁྲིམས་འཛུགས་ལས་ཁུངས་བར་འགྲོ་འོང་བྱེད་པར་ཤུགས་སྣོན་པ། ཁྲིམས་ལུགས་ལྟ་སྐུལ་ཉམས་མྱོང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལྷག་པ་བསྐྲུན་འདོད་ཡོད། ཐེ་གོའི་རྒྱལ་ཚོགས་ཀྱིས་མི་སྣ་མངགས་ནས་ཀྲུང་གོ་ཕྱོགས་ཀྱིས་འཚོག་རྒྱུ་ཡིན་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་སོ་སོའི་གྲོས་མིའི་ཞིབ་འཇུག་འཛིན་གྲྭར་ཞུགས་པར་དགའ་བསུ་ཞུ།
ཨ་ནུའུ་ཐིན་གྱིས་བསྟན་དོན། ཐེ་གོ་དང་ཀྲུང་གོ་ནི་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་ཡིན་ལ། མི་དམངས་བར་གྱི་མཛའ་བརྩེ་ཟབ་མོ་ཡོད། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོའི་རྩ་དོན་གཅིག་ལ་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་པ། ཁྲིམས་འཛུགས་ལས་ཁུངས་བར་འགྲོ་འོང་དམ་ཟབ་བྱས་ཏེ། ཐེ་གོ་དང་ཀྲུང་གོའི་འབྲེལ་བ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་རེ་སྒུག་བྱེད་བཞིན་ཡོད། །
འཕྲིན་སྟེགས། weikangba