ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཆང་གི་བླང་བྱ་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། ཚེས17ཉིན་གྱི་དགོང་མོར་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱི་སྣེ་ཁྲིད་དེ་ཁྲུང་ཆིང་ཕེང་ཧྲུའེ་རྫོང་དུ་བསྐྱོད་དེ་རི་ཉིལ་བའི་གནོད་འཚེ་ཡུལ་དངོས་སུ་འཚོལ་སྐྱོབ་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་མཛུབ་ཁྲིད་གནང་།
ཀྲང་གོ་ཆིང་འབྱོར་རྗེས་འཕྲལ་དུ་རི་ཉིལ་བའི་གནོད་འཚེ་ཡུལ་དངོས་སུ་བསྐྱོད་དེ། རོགས་སྐྱོབ་འཕེལ་རིམ་དང་དཀའ་ངལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཚེས18ཉིན་གྱི་ཞོགས་པར། ཀྲང་གོ་ཆིང་ཡང་བསྐྱར་གནོད་འཚེ་ཡུལ་དངོས་སུ་སོང་ནས་རོགས་སྐྱོབ་ཇུས་གཞིར་ཞིབ་འཇུག་དང་ལེགས་སྒྱུར་བྱས་པ་མ་ཟད། རྫོང་མི་དམངས་སྨན་ཁང་དང་གནས་སྐབས་བདེ་འགོད་ས་ཚིགས་སུ་རྨས་མ་དང་གནས་སྤོས་བདེ་འགོད་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་ཐུགས་ཁྲལ་བརྒྱུད་བསྒྲགས་བྱས། དེའི་རྗེས་མགོ་འཛིན་བྱས་ཏེ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་དང་བརྙན་ལམ་ཁ་པར་གྱི་བླང་བྱ་བརྒྱུད་བསྒྲགས་བྱས་ལ། ཁྲུང་ཆིང་གི་ཉེན་སེལ་རོགས་སྐྱོབ་རྒྱབ་སྐྱོར་བྱེད་པའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཁོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེན་ཁར་འཕྲད་པའི་མང་ཚོགས་ཀྱི་བདེ་སྡུག་ལ་ཐུགས་ཁུར་ཆེན་པོ་དང་། ཉེན་སེལ་རོགས་སྐྱོབ་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཡང་དུ་བསྐྱར་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་དང་པོར་བཞག་ནས། ཚན་རིག་དང་མཐུན་པའི་སྒོ་ནས་འཚོལ་སྐྱོབ་དང་ཞོར་ཐོན་གནོད་འཚེ་སྔོན་འགོག རྨས་མ་སྐྱོབ་བཅོས་དང་རྗེས་འཇུག་ཐག་གཅོད་ཡག་པོ་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་ས་གཤིས་གནོད་འཚེ་སོགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གཙང་སེལ་གཏིང་ཟབ་བྱེད་པ། བདེ་འཇགས་བྱ་བའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་པ་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རྒྱག་པར་ཤུགས་སྣོན་དང་། སྐོར་ཞིབ་ཉེན་སེལ་སོགས་ཀྱི་ཐད་ནས་མཛུབ་སྟོན་གལ་ཆེན་གནང་བཞིན་ཡོད་ལ། ཙུང་ལི་ལི་ཆང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཐག་གཅོད་དང་། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འགོད་དང་འཚོ་བའི་འགན་ལེན། ས་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། འགོག་ཟོན་ཁ་གཏད་གཅོག་པ་སོགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་བླང་བྱ་གསལ་བོ་བཏོན། ཁྲུང་ཆིང་གྲོང་ཁྱེར་དང་འབྲེལ་ཡོད་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཆང་གི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བྱ་བ་སོ་སོ་དམ་འཛིན་ལེགས་པོ་བྱེད་དགོས།
ཀྲང་གོ་ཆིང་གིས་ནན་གྱིས་བསྟན་དོན། ཉེ་དུས་ཀྱི་ཉེན་འགོག་གནོད་སེལ་གྱི་དུས་བབ་ཛ་དྲག་ཡིན་ལ། ཐལ་དྲགས་པའི་གནམ་གཤིས་མང་དུ་ཐོན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་ཕྱོགས་སོ་སོས་ཚད་མཐའི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོར་བཅངས་ནས། མངོན་མེད་རྐྱེན་ངན་གྲལ་བཤེར་དང་། སྔོན་ཚུད་ཉེན་བརྡ་གཏོང་བ། གནས་སྤོ་ཉེན་གཡོལ་དང་རོགས་སྐྱོབ་སོགས་གནད་འགག་གི་འགན་འཁྲི་དང་བྱེད་ཐབས་སྔར་བས་ནན་དུ་གཏོང་དགོས། གཞི་རིམ་གྱི་དྲ་མིག་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་བློ་ཐག་རྦད་ཆོད་ཀྱིས་གནས་སྤོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ངེས་པ་དོན་གྱིས་འགན་ལེན་བྱེད་དགོས། །
འཕྲིན་སྟེགས། weikangba