ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས30ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་ཧྲེར་གྱི་སྲིད་འཛིན་ཧོ་སྨི་ཉི་ཡེ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་ཀྱི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས་པ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ50སོང་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་དང་སེ་ཧྲེར་དབར་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རོགས་རམ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་སྲ་བརྟན་ཡིན། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། དཔུང་པ་མཉམ་གཤིབ་ཀྱིས་མདུན་སྐྱོད་བྱས་ཚེ། ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ལམ་ཆེན་དེ་བས་རྒྱ་ཆེ་རུ་འགྲོ་ངེས་ཡིན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་མདུན་ལམ་དེ་བས་འོད་སྟོང་ལྡན་པར་འགྱུར་ངེས་ཡིན། ངས་ཀྲུང་གོ་དང་སེ་ཧྲེར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྲིད་འཛིན་ཧོ་སྨི་ཉི་ཡེ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར་50ལོན་པ་དེ་མགོ་འཛུགས་ས་གསར་པར་བྱས་ནས། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱེད་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་སེ་ཧྲེར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་བསླེབས་པར་སྣེ་ཁྲིད་བྱས་ནས་སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཧོ་སྨི་ཉི་ཡེ་ཡིས་བསྟན་དོན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ50སོང་རིང་། སེ་ཧྲེར་དང་ཀྲུང་གོའི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཐུན་མོང་ཐོག་འཕེལ་རྒྱས་བཅས་ཀྱི་རྨང་གཞིའི་ཐོག་བརྟན་རླིང་ངང་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་སེ་ཧྲེར་གྱི་རྩ་ཆེའི་རོགས་ཟླ་ཡིན་པས། སེ་ཧྲེར་ཕྱོགས་ཀྱི་དམངས་འཚོའི་བདེ་སྐྱིད་ཇེ་ལེགས་སུ་གཏོང་བ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རྒྱབ་སྐྱོར་མང་པོ་གནང་ཡོད། སེ་ཧྲེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སྒྲོམ་གཞིའི་ནང་མུ་མཐུད་དུ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་འདོད་ཡོད། །
འཕྲིན་སྟེགས། weikangba