སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་བྱས་ནས་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ཡག་པོ་ཚུགས།

2026-03-27
319

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིས་སྟོང་ཉེར་དྲུག་ལོ་ནི་ལོ་ལྔ་ཚན་གྱི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་པས། ཞིང་གསུམ་ལས་ཀ་ཡག་མོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། བློ་ཐག་རྦད་ཆོད་ཀྱིས་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་ས་གཤིན་དང་སོན་བཟང་། གོ་སྐབས་ཡག་མོ། བྱེད་ཐབས་བཟང་པོ་བཅས་ཀྱི་འདུས་གྲུབ་ཕན་འབྲས་ཇེ་མཐོར་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་དང་སྤུས་ཀའི་ཕན་འབྲས་ཇེ་མཐོར་གཏོང་དགོས་ཞེས་གསུངས། མིག་སྔར་རང་རྒྱལ་དཔྱིད་ཀའི་དུས་ཚིགས་ཀྱི་ཞིང་ལས་ཐོན་སྐྱེད་ལས་ཀ་གོ་རིམ་ལྡན་པས་སྤེལ་བཞིན་ཡོད་ལ། ས་གནས་ཁག་གིས་འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་བཏང་སྟེ། ཞིང་ལས་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་མྱུར་ཚད་ཇེ་མགྱོགས་གཏོང་བཞིན་ཡོད།

  ས་གཞི་ཡོངས་སུ་དཔྱིད་ཀའི་རང་མདངས་རྒྱས་པ་དང་བསྟུན་ནས་ཞིང་ལས་ལ་བྲེལ་བཞིན་ཡོད། བྱང་ཤར་གྱི་ས་ནག་ཏུ། དཔྱིད་ཀའི་རྨོ་འདེབས་ལས་ཀ་ཚ་ཚ་འུར་འུར་ལས་བཞིན་ཡོད་དེ། ཞིང་ལས་དངོས་རྫས་སྐྱེལ་འདྲེན་དང་ཞིང་ལས་འཕྲུལ་ཆས་ཞིག་གསོ། སློག་རྒྱག་ལུད་རྒྱག་པ་སོགས་གོ་རིམ་བཞིན་སྤེལ་བཞིན་ཡོད་པས།དཔྱིད་རྨོ་ལས་ཀར་གྲ་སྒྲིག་ཡག་མོ་མཆིས། རྨ་ཆུ་དང་ཧེ་ཧོ་གཙང་པོ། ཧའེ་ཧའོ་གཙང་པོའི་གྲོ་འདེབས་ཁུལ་དུ། དགུན་གྲོའི་མྱུ་གུ་འབུས་བཞིན་ཡོད་ལ། སྐྱེ་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཆུ་འདྲེན་དང་ལུད་རྒྱག གནོད་འབུ་འགོག་བཅོས་སོགས་ཞིང་ཁའི་དོ་དམ་གོ་རིམ་བཞིན་སྤེལ་བཞིན་ཡོད་པས། ནུས་ཤུགས་ཡོད་རྒུས་དབྱར་འབྲུའི་རྨང་གཞི་ཇེ་བརྟན་གཏོང་བཞིན་ཡོད།

  ལྷོ་ཕྱོགས་ཀྱི་ཆུ་འབྲས་ཐོན་ཁུལ་གཙོ་བོ་རུ་སྔ་སྨིན་འབྲས་ཀྱི་ཐོན་སྐྱེད་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་ལ། ཆུ་ཞིང་ཁོད་སྙོམས་དང་ས་བོན་སྦངས་ནས་མྱུ་གུ་འབུས་པ།  གཅིག་བསྡུས་མྱུག་གསོའི་ལས་ལ་བྲེལ་བཞིན་ཡོད་པས། ཆུ་འབྲས་ཀྱི་ཐོན་ཚད་བརྟན་པོ་ཡོང་བར་རྨང་གཞི་ཇེ་བརྟན་གཏོང་བཞིན་ཡོད།

ཀྲུང་གོའི་ལྟོ་ཕོར་རང་གི་ལག་ཏུ་བཟུང་ནས། རྒྱལ་ཁབ་ཆེན་པོའི་འབྲུ་མཛོད་མཉམ་སྐྱོབ་བྱེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་གནོད་མེད་ལ་གཙིགས་མཐོང་བྱས་ཏེ། མི་གྲངས་དུང་ཕྱུར་བཅུ་ལྷག་གི་བཟའ་བཏུང་གནད་དོན་ཐག་ཡག་པོ་གཅོད་རྒྱུ་ནི་རྒྱལ་སྐྱོང་སྲིད་འཛིན་གྱི་དོན་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཡོད། རྒྱལ་ནང་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཐེངས་མང་པོར་ཞིང་ཁར་ཕེབས་ཏེ། འབྲུ་རིགས་ཐོན་སྐྱེད་ལ་རྟོག་ཞིབ་དང་། ཞིང་པའི་སེམས་འདུན་ལ་ཉན་པ་རེད།  ཁོང་གིས་རང་རྒྱལ་ལ་མི་གྲངས་དུང་ཕྱུར་བཅུ་བཞི་ཡོད་པ་དང། འབྲུ་རིགས་བདེ་འཇགས་དེ་ངེས་པར་དུ་ང་རང་ཚོས་སྲུང་ཐུབ་དགོས་ལ། ཀྲུང་གོ་བའི་ཁ་ཕོར་ནང་ངེས་པར་དུ་ཀྲུང་གོ་རང་གི་འབྲུ་རིགས་བཅུག་དགོས་ཞེས་ནན་གསུངས་གནང་། ཁོང་གིས་སོན་བཟང་དང་གོ་སྐབས་བཟང་པོ། ཐབས་ལམ་ཡག་པོ་ཁྱབ་གདལ་ནུས་ཚད་ཇེ་ཆེར་བཏང་ནས། རྨོ་འདེབས་ལས་ཀ་ཡག་མོ་ཡོང་བར་འབད་པ་བྱེད་པ་དང་། མུའུ་རེའི་འབྲུ་རིགས་ཐོན་ཚད་དང་སྤུས་ཀ་མཐོར་འདེགས་བཏང་ནས། འབྲུ་རིགས་ལ་བརྟེན་ནས་ཕྱུག་པོར་འགྱུར་དགོས་ཞེས་གསུངས།

  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རྩ་གནད་ཀྱིས་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་སྤུས་ཀ་ཕན་འབྲས་གོང་འཕར་གཏོང་ཆེད་མ་ལག་ཆ་ཚང་བཀོད་སྒྲིག་གནང་ཡོད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་གོང་འཕར་གཏོང་བའི་བྱ་སྤྱོད་སྐོར་གསར་པ་ཧུར་ཐག་གིས་ལག་ལེན་བྱས་ཏེ། འབྲས་དང་གྲོ་ཐོན་སྐྱེད་བརྟན་པོ་དང་། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་ཚད་གོང་འཕར་གཏོང་བ། འབྲུ་སྣུམ་སོགས་ལོ་ཏོག་གཙོ་བོ་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་གོང་འཕར་གཏོང་རྒྱུ་རེད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་ཞིང་ལས་འཕྲུལ་འཁོར་སྒྲིག་ཆས་སྤུས་མཐོའི་འཕེལ་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས། ལོ་ཏོག་རྨོ་འདེབས་དང་བརྔ་བསྡུའི་ཕྱོགས་བསྡུས་འཕྲུལ་ཆས་ཅན་བརྒྱ་ཆའི་བརྒྱད་ཅུ་ཡན་ལ་གོང་འཕར་གཏོང་རྒྱུ་རེད།  སོན་ཁུངས་གཙོ་བོ་དང་ཞིང་འཕྲུལ་སྒྲིག་ཆས། ཞིང་ལས་ཆུ་གྲོན་སོགས་གནད་འགག་གི་ལག་རྩལ་འགག་སྒྲོལ་བྱ་རྒྱུ་གཞིར་བཟུང་ནས། ཞིང་ལས་ཚན་རྩལ་གྱི་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་བྱ་རྒྱུ་རེད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་། རང་རྒྱལ་གྱིས་འབྲུ་འདེབས་ཞིང་པའི་ཡོང་འབབ་འགན་སྲུང་ནང་རྐྱེན་འཐུས་ཚང་གཏོང་བ། རིན་གོང་དང་གསབ་དངུལ། ཉེན་འགོག་འགན་སྲུང་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མཐུན་སྦྱོར་ཇེ་དྲག་གཏོང་བ། ཞིང་པའི་ཞིང་ལས་གཉེར་བའི་སྤྲོ་བ་ལ་སྲུང་སྐྱོབ་དང་སྐུལ་མ་བྱས་ནས། ཞིང་ལས་སྟོབས་ལྡན་དང་ཞིང་པར་ཕན་པ། ཞིང་པ་ཕྱུག་འགྱུར་སྲིད་ཇུས་ཀྱི་ཕན་ནུས་ཇེ་མཐོར་གཏོང་རྒྱུ་རེད།

  ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་ཁག་གིས་ཞིང་ལས་དུས་ཚོད་དམ་འཛིན་བྱེད་པ་དང་ཚན་རིག་ལྡན་པའི་སྲིད་ཇུས་བཏོན་ནས། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་གཅིག་སྟོང་བཞི་ཡན་མན་ལ་ཟིན་པར་འགན་སྲུང་བྱེད་བཞིན་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་མགྱོགས་སུ་གཏོང་དགོས་ན། ས་བོན་ནི་རྩ་བ་ཡིན། མིག་སྔར་ཧའེ་ནན་དུ་ཡོད་པའི་རྒྱལ་ཁབ་ནན་ཧྥན་ཚན་རིག་ཞིབ་འཇུག་གསོ་སྤེལ་རྟེན་གཞི་རུ། ཚན་རིག་ཞིབ་འཇུག་པ་ཁྲི་ཙམ་གྱིས་མྱུ་གུ་གསོ་སྤེལ་དང་ཚན་རིག་ཞིབ་འཇུག་འགག་སྒྲོལ་ལ་འབད་བཞིན་ཡོད་ལ། ད་ལོར་ཧའེ་ནན་གྱིས་ཡ་ཀྲོའུ་མཚོ་ཁུག་རྒྱལ་ཁབ་ཚོད་ལྟ་ཁང་སོགས་ཚན་རིག་ཞིབ་འཇུག་སྟེགས་བུ་གལ་ཆེན་ལ་བརྟེན་ནས། ཚན་རིག་ཞིབ་འཇུག་ཁང་དང་ཁེ་ལས། ཆེད་ལས་ཞབས་ཞུའི་ལས་ཁུངས་བཅས་མཉམ་འབྲེལ་ནུས་མཐོ་བྱས་ཏེ། སོན་བཟང་འདེམ་གསེས་དང་རྨོ་འདེབས་ཚད་ལྡན། རྨོ་འདེབས་ཁྱབ་བརྡལ། ཐོན་སྐྱེད་ཞབས་ཞུ་བཅས་ཕུང་གཅིག་ཅན་གྱི་དེང་རབས་རྨོ་འདེབས་ལས་རིགས་ཀྱི་ཞབས་ཞུའི་མ་ལག་མགྱོགས་པོར་འཛུགས་བཞིན་ཡོད།

  ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོར་འདེགས་ཇེ་མགྱོགས་གཏོང་དགོས་ན། ཚན་རྩལ་ནི་རྒྱབ་རྟེན་ཡིན། རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཞིང་ཆེན་གཙོ་བོའི་གྲས་ཡིན་པའི་ཆ་ནས། ཧུའུ་ནན་གྱིས་ད་ལོར་ཆུ་ཚད་སྔར་ལས་མཐོ་བའི་ཏུང་ཐིང་འབྲུ་མཛོད་འཛུགས་རྒྱུ་དེ་ལས་འགན་གཙོ་བོར་འཇོག་པ་དང་། འབྲུ་རིགས་རྨོ་འདེབས་རྒྱ་ཁྱོན་མུའུ་བྱེ་བ་བདུན་ས་ཡ་གཅིག་འབུམ་ལྔ་ཡན་མན་ལ་ཟིན་གང་ཐུབ་བྱེད་པ། ཆུ་འབྲས་རྨོ་་བསྡུ་སོགས་ཕྱོགས་ཡོངས་ནས་འཕྲུལ་ཆས་ཅན་ལ་ཟིན་ཚད་བརྒྱའི་ཆ་དགུ་བཅུ་ཡན་ལ་ཟིན་པ། ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་ལས་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཞེ་ལྔ་གསར་དུ་འཛུགས་འཆར་ཡོད། རིག་ནུས་ཅན་དང་ནུས་ཁུངས་གསར་པའི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་ཇེ་ཆེར་བཏང་ནས། མི་མེད་གནམ་གྲུ་དང་ཟོག་འདྲེན་དྲ་བ་སོགས་འབྲུ་རིགས་ཐོན་སྐྱེད་ཁོར་ཡུག་བེད་སྤྱོད་བྱ་རྒྱུའི་འཆར་གཞི་བཀོད།

  ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཇེ་མཐོར་གཏོང་དགོས་ན། ཐོན་ལས་ནི་རྩ་བ་ཡིན། ད་ལོར་སི་ཁྲོན་གྱིས་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས། མུའུ་ས་ཡ་གཅིག་ཅན་གྱི་ཆུ་འབྲས་རྩེ་གྲ་མཁོ་འདོན་རྟེན་གཞི་གསར་དུ་འཛུགས་པ་དང་། ཞིང་ཆེན་རིམ་པའི་འབྲུ་སྣུམ་ཐོན་ལས་ཡོངས་ཟུང་འབྲེལ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་དགུ་འཛུགས་པ། རིམ་པ་དུང་ཕྱུར་ཅན་གྱི་འབྲུ་སྣུམ་ཁེ་ལས་གཙོ་བོ་བཅུ་གསོ་སྤེལ་བྱས་ནས། འབྲུ་སྣུམ་གྱི་རིམ་པ་དུང་ཕྱུར་ལྔ་སྟོང་ཅན་གྱི་ཐོན་ལས་མ་ལག་འཕེལ་རྒྱས་གཏོང་རྒྱུ་རེད།


  • 顶