ཨ་རིའི་ཕྱོགས་ཀྱིས་ཨི་རན་ལ་ཞི་བའི་གྲོས་མོལ་བྱེད་པར་ཆ་རྐྱེན་ཁག་༡༥འདུས་པའི་ཇུས་གཞི་བཏོན།

2026-03-26
271

  ས་གནས་དེ་གའི་དུས་ཚོད་ཟླ་༣པའི་ཚེས་༢༤ཉིན་ཨ་རི་སྲིད་གཞུང་གིས་ཕ་ཁི་སི་ཐན་བརྒྱུད་ཨི་རན་ལ་ཆ་རྐྱེན་ཁག་༡༥ཚུད་པའི་གདོང་ཐུག་མཇུག་བསྒྲིལ་བའི་ཇུས་གཞི་བཏོན་པ་དང་། དེའི་ནང་རྡུལ་མཚོན་འཆར་གཞི་དང་། བསྒྱུར་མདའ་འཕེན་པའི་ནུས་པ། དེ་མིན་ས་ཁུལ་གྱི་གནད་དོན་སོགས་ཚུད་ཡོད་པ་རེད།

  གོ་ཐོས་ལྟར་ན་ཨ་རི་ཕྱོགས་ཀྱིས་བཏོན་པའི་བླང་བྱ་གཙོ་བོ་ནི་ཨི་རན་གྱིས་ད་ཡོད་ཀྱི་རྡུལ་མཚོན་ནུས་པ་མེད་པར་བཟོ་བའི་ཐོག རྡུལ་ཕྲན་མཚོན་ཆ་འཕེལ་རྒྱས་མི་གཏོང་རྒྱུ་ཁས་ལེན་པ་དང་། ཨི་རན་རང་གི་ས་ཐོག་ཏུ་ཟེར་ཏུས་ལྕགས་རྡོ།༼铀浓缩uranium enrichmentཡུ་རེ་ནི་ཡམ་=རྡུལ་ཕྲན་མཚོན་ཆར་མཁོ་བའི་འོད་འཕྲོའི་ཁྱད་ནུས་ལྡན་པའི་ལྕགས་རིགས་ཁམས་རྫས་ཤིག ༽བཟོ་རྒྱུ་གཏན་འགོག་བྱེད་པ། མཛོད་ཉར་བྱས་པའི་༦༠%ཙམ་གྱི་ཟེར་ཏུས་ལྕགས་རྡོ་རྩིས་སྤྲོད་བྱེད་པ། ན་ཐན་ཚི་དང་། དབྱི་སི་ཧྥ་ཧན། ཧྥུའུ་ཏུའོ་སོགས་རྡུལ་མཚོན་སྒྲིག་ཆས་མེད་པར་བཟོ་བ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིས༼IAEA༽ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་ཆོག་པ་སོགས་ཡིན་པ་རེད།

  དེ་དང་ཆབས་ཅིག་ཨ་རི་ཕྱོགས་ཀྱིས་ད་དུང་ཨི་རན་གྱིས་ས་ཁུལ་གྱི་མནའ་གྲོགས་དྲག་ཆས་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་རྒྱུ་དང་། དེར་མ་དངུལ་དང་། བཀོད་འདོམས། གོ་མཚོན་བཅས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་གཏན་འགོག་བྱ་དགོས་པར་མ་ཟད། མདེལ་ལམ་བསྒྱུར་མདའི་གཞི་ཁྱོན་དང་འཕེན་ཐག་ཚོད་བཟུང་སྟེ་འགོག་སྲུང་ཁོ་ནར་སྤྱོད་རྒྱུ། དེ་མིན་ཧོར་མུའུ་ཙི་མཚོ་འགག་སྒོ་འབྱེད་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

  ཨ་རིས་བཏོན་པའི་ཆ་རྐྱེན་གྱི་ལན་དུ་ཨི་རན་ལ་རྒྱལ་སྤྱིའི་བཀག་སྡོམ་ཁྱོན་ཡོངས་ནས་མེད་པར་བཟོ་བ་དང་། ཨ་རིས་དམངས་སྤྱོད་ཉིང་རྡུལ་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། དེ་བཞིན་ཅི་མགྱོགས་ཀྱིས་བཀག་སྡོམ་གློད་པའི་ཐབས་ལམ་སླར་གསོ་བྱ་རྒྱུ་སོགས་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རི་ཕྱོགས་ཀྱིས་དུས་ཡུན་ཟླ་བ་གཅིག་གི་རིང་དམག་མཚམས་འཇོག་གང་ཐུབ་བྱས་ནས་གོང་གསལ་གྱི་དོན་ཚན་ཐད་སྔར་བས་གྲོས་མོལ་བྱ་རྒྱུར་བསམ་བློ་གཏོང་བཞིན་ཡོད་ལ། ཇུས་གཞི་དེ་ཅ་ལི་ཏེ·ཁུའུ་ཧྲི་ན་དང་ཧྲི་ཏི་ཧྥུའུ·ཝུའེ་ཐེ་ཁོ་ཕུའུ་ཚུད་པའི་ཐེ་རོན་ཕུའི་བློ་འདྲི་བཅས་ཀྱིས་བཏོན་པ་རེད།

  གཞན་ཡང་ཨི་ཟི་རེལ་ཕྱོགས་ཀྱིས་ཚེས་༢༤ཉིན་ཆ་འཕྲིན་སྤེལ་བར་གཞིགས་ན། ཨི་རན་དང་གནད་དོན་༡༥ཚུད་པའི་དམག་འཁྲུག་མཇུག་བསྒྲིལ་རྒྱུ་དམིགས་ཡུལ་དུ་བྱས་པའི་གྲོས་མཐུན་ཞིག་ལ་གྲོས་བསྡུར་བྱ་ཆེད་ཨ་རིས་དུས་ཡུན་ཟླ་བ་གཅིག་གི་དམག་མཚམས་འཇོག་རྒྱུའི་ཇུས་གཞི་འདོན་འདོད་ཡོད་ཅེས་བཤད་པ་རེད།

ཉིན་དེར་དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་ཚུལ་གྱི་རྐྱེན་གྱིས་རྒྱལ་སྤྱིའི་སྣུམ་རིན་འཕར་ཆག་བྱུང་ནས་སྣུམ་ཟོམ་རེར་ཨ་སྒོར་༨༧.༨༨ལ་ཟིན་ཡོད་པ་རེད།

ཨི་རན་གྱི་ཆེས་མཐོའི་གཙོ་འཛིན་གྱི་དམག་དོན་བློ་འདྲིས་དམག་མཚམས་འཇོག་པའི་ཆ་རྐྱེན་བསྐྱར་བསྒྲགས་བྱས།

  ཨི་རན་གྱི་གསར་དུ་བསྐོས་པའི་ཆེས་མཐོའི་གཙོ་འཛིན་གྱི་དམག་དོན་བློ་འདྲི་མུའུ་ཧོ་ཤིན·ལི་ས་དབྱིས་ཀྱིས་ས་གནས་དེ་གའི་དུས་ཚོད་ཟླ་༣ཚེས་༢༣ཉིན་ཁྱབ་བསྒྲགས་བྱས་པའི་བཅར་འདྲི་ཚན་པ་ཞིག་ནང་ཨི་རན་ལ་སྐྱིན་ཚབ་ཡོངས་རྫོགས་སྤྲད་པ་དང་། དཔལ་འབྱོར་བཀག་སྡོམ་ཚང་མ་མེད་པར་བཟོ་བ་མ་ཟད། ཨ་རིས་ཨི་རན་གྱི་ལས་དོན་ལ་ཐེ་ཇུས་མི་བྱེད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འགན་ལེན་ཐོབ་ན་ད་གཟོད་ཨི་རན་གྱིས་དམག་འཁྲུག་མཚམས་འཇོག་སྲིད་ཅེས་ནན་བཤད་བྱས་པ་རེད།

  ལི་ས་དབྱིས་ཀྱིས་ད་དུང་ཨི་རན་དང་ཨ་རིའི་དབར་གྱི་རྩོད་གཞི་དེ་ད་ཐེངས་ཀྱི་གདོང་ཐུག་དང་ན་ནིང་ཟླ་༦པར་ཨ་རི་དང་ཨི་ཟི་རེལ་གྱིས་ཨི་རན་ལ་འཇབ་རྒོལ་བྱས་པ་ཙམ་གྱིས་མ་ཚད་པར་༡༩༧༩ལོར་ཨི་རན་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་ནས་བཟུང་ལོ་༤༧རིང་རྒྱུན་མཐུད་པ་ཞིག་ཡིན་པས་དེ་ངེས་པར་དུ་ཐག་གཅོད་དགོས་ཞེས་ནན་བཤད་བྱས།

  དེའི་སྔོན་གྱི་ཚེས་༢༡ཉིན་ཨི་རན་གྱི་ཙུང་ཐུང་ཕེ་ཙེ་ཤིས་ཆི་དབྱང་གིས་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་ཁ་པར་རྒྱག་སྐབས་ཨ་རི་དང་ཨི་ཟི་རེལ་གྱིས་བཙན་འཛུལ་འཕྲལ་དུ་མཚམས་འཇོག་པ་དང་འབྲེལ་བཙན་འཛུལ་བྱ་སྤྱོད་དེའི་རིགས་སླར་ཡང་མི་ཐོན་པའི་འགན་ལེན་བྱས་ཚེ་གཞི་ནས་ས་ཁུལ་དེའི་དམག་འཁྲུག་དང་གདོང་ཐུག་མཇུག་བསྒྲིལ་ཐུབ་ཅེས་བཤད་པ་རེད

  • 顶