ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུ་ཐེངས་དང་པོ་འཚོགས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།
ཀྲུའུ་ཞི་ཚོགས་པའི་ཚོགས་འདུར་མི167ཞུགས་དགོས་པ་དང་། དོན་དངོས་སུ165ཞུགས་ཤིང་། མི2ཞུགས་ཐུབ་མེད་པས། ཚོགས་ཞུགས་མི་གྲངས་ཁྲིམས་བཀོད་མི་གྲངས་དང་མཐུན།
ཚོགས་འདུའི་ཐོག་ཐོག་མར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་སྒྲུག་བྱས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོས་འགན་ཁུར་རྒྱུ་ཡིན། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྐོང་འཚོག་དང་གཙོ་སྐྱོང་བྱ་རྒྱུ་ཡིན།
ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་ཉིན་རེའི་ལས་རིམ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཚོགས་འདུའི་ཉིན་རེའི་ལས་རིམ་ལ་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་དེ་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་མགོ་ཚུགས་པ་དང་། ཟླ3པའི་ཚེས12ཉིན་གྱི་ཕྱི་དྲོར་མཇུག་སྒྲིལལ་རྒྱུ་ཡིན་ལ། ཚོགས་ཡུན་ཉིན8ཡིན།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་དོན་ལམ་སྲོལ་གྱི་གཏན་འབེབས་ལྟར་ན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་འདེམས་སྒྲུག་བྱས་ཏེ། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་རེའི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་རྒྱུ་ཡིན། བརྡས་ཐག་བཅད་པ་བརྒྱུད། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་འདེམས་བསྐོ་བྱ་རྒྱུ་ཡིན།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ལིའུ་ཆི་དང་། ལིའུ་ཅུན་ཁྲིན། ཞིན་ཁྲུན་དབྱིན། ཀྲུང་ཧྲན། ལོའུ་ཆིན་ཅན། ཁུང་ཧྲའོ་ཞུན། ཝང་དབྱང་བཅས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་བསྐོས། ཚོགས་འདུའི་ཐོག་དམིགས་འཛུགས་བྱས་པ་ལྟར་ན། ལོའུ་ཆིན་ཅན་གྱིས་ཚོགས་ཆེན་གྱི་མགྲིན་ཚབ་པའི་འགན་ཁུར་རྒྱུ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཚོགས་ཆེན་རིང་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ནི་ཟླ3པའི་ཚེས8ཉིན་གྱི་ཆུ་ཚོད12བར་ཡིན་པ་གཏན་འཁེལ་བྱས། གྲོས་ཚོགས་འཚོག་རིང་། ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་ཚོགས་ཆེན་འཚོག་རིང་བཏོན་པའི་གྲོས་གཞིར་ཞིབ་འཇུག་དང་ཐག་གཅོད་བསམ་འཆར་བཏོན་ཏེ། ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་ནས་ཆོད་དོན་འགོད་རྒྱུ་རེད། །
འཕྲིན་སྟེགས། weikangba