ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་སོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱས།

2026-02-28
289

ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཁོངས་མི་སོགས་ཀྱིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་ལྟར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱིས་ཉེ་ལམ་ཉིས་སྟོང་ཉེར་ལྔ་ལོའི་བྱ་བའི་ཐད་ནས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཡིག་ཐོག་ནས་འགན་སྒྲུབ་གནས་ཚུལ་སྙན་ཞུ་བྱས།ཞི་ཅིན་ཕིང་གིས་འགན་སྒྲུབ་གནས་ཚུལ་སྙན་ཞུར་གཟིགས་ཞིབ་གནང་བ་མ་ཟད་བླང་བྱ་གལ་ཆེན་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡང་ཡིན་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་རང་འགུལ་གྱིས་འགན་འཁྲི་དང་ལེན་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱུན་མཐུད་ངང་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ། སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འི་འགོ་ཡག་པོ་རྩོམ་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་གསལ་བ་དང་ཀུན་སྤྱོད་ལ་བརྩི་མཐོང་བྱས་ཏེ་ཡིད་ཆེས་དང་དམ་པ་དོན་གཉེར། འགན་འཁུར་ཕོད་པ། རང་གཅུན་ཐད་མིག་དཔེ་སྟོན་དགོས། སྣེ་ཁྲིད་དེ་སྲིད་འབྲས་ཀྱི་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་དགོས་ལ། དོན་དངོས་གཞིར་འཛིན་པ་དང་ཆོས་ཉིད་ལྟར་བྱ་བ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་། དངོས་དོན་སྒྲུབ་པར་བརྟེན་ནས་སྲིད་འབྲས་འདོན་པར་འབད་བརྩོན་བྱེད་དགོས།  ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་པར་སྐུལ་འདེད་གཏོང་དགོས། །


  • 顶