ཞི་ཅིན་ཕིང་གིས་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ནས། རྨང་གཞི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་སྔོན་མཐོང་རང་བཞིན། མ་ལག་རང་བཞིན་གྱི་བཀོད་སྒྲིག་ཇེ་དྲག་ཏུ་བཏང་སྟེ། རྒྱ་ཆེའི་ཚན་ཞིབ་མི་སྣས་ཚན་རིག་ཡང་རྩེར་འཛེགས་ཕོད་པ་དང་སྔར་ལས་མང་བའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་འདོན་པར་རྒྱབ་སྐྱོར་བྱེད་དགོས་པར་ནན་གྱིས་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ་དང་། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་བཙུགས་པའི་ལོ་ངོ40རིང་། རྨང་གཞི་ཞིབ་འཇུག་ལ་སྐུལ་འདེད་དང་གསར་སྐྲུན་འཇོན་མི་གསོ་སྐྱོང་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འགྲུལ་བཞུད་གསར་པའི་སྟེང་། ཁྱེད་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ནས། ཁ་ཕྱོགས་པ་བཞིའི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་དང་། རྨང་གཞི་ཞིབ་འཇུག་གི་འཐབ་ཇུས་རང་བཞིན་དང་སྔོན་མཐོང་རང་བཞིན། མ་ལག་རང་བཞིན་གྱི་བཀོད་སྒྲིག་ཇེ་དྲག་ཏུ་བཏང་སྟེ། ཚན་རིག་གི་ཐེབས་རྩའི་བཅོས་སྒྱུར་གཏིང་ཟབ་དུ་གཏོང་བ་དང། སྔར་ལས་ལྷག་པར་རོགས་སྐྱོར་མ་ལག་འཐུས་ཚང་དང་རོགས་སྐྱོར་ཕན་འབྲས་མཐོར་འདེགས་སུ་གཏོང་བ། ཚན་ཞིབ་སྐྱེ་ཁམས་ལེགས་པོ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་བར་སྟོངས་རྒྱ་བསྐྱེད་པ། ཚན་ཞིབ་མི་སྣས་ཡང་རྩེར་འཛེགས་ཕོད་པ་དང་སྔར་ལས་མང་བའི་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་འདོན་པར་རོགས་སྐྱོར་བྱས་ནས། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས།
རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩ་ཨུ་ཡོན་ལྷན་ཚོགས་ནི1986ལོའི་ཟླ2པར་གབཙུགས་པ་དང་། ལོ་ངོ40རིང་གི་འཕེལ་རྒྱས་བརྒྱུད། རྒྱལ་ཁབ་ཀྱིས་རྒྱ་ཆེའི་ཚན་ཞིབ་མི་སྣར་རོགས་སྐྱོར་བྱས་ནས་རྨང་གཞི་ཞིབ་འཇུག་སྤེལ་བའི་ཐབས་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད། །
འཕྲིན་སྟེགས། weikangba